《སྲོལ་ཡིག》འདི་ཟླ་5ཚེས་10ཉིན་ནས་ལག་ལེན་བསྟར་རྒྱུ་རེད་འདུག
ཟླ་4ཚེས་9ཉིན། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་ཟླ་5ཚེས་10ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
སྲོལ་ཡིག་ཧྲིལ་པོ་ས་བཅད་6དང་དོན་ཚན་28ལ་དབྱེ་ཡོད་པའི་ནང་། “སྤྱིའི་རྩ་དོན”དང་། “གཉེན་སྒྲིག་ཐོ་འགོད” “གཉེན་འཐོར་ཐོ་འགོད” “གཉེན་སྒྲིག་ཐོ་འགོད་ཀྱི་ཡིག་ཚགས་དོ་དམ” “བཅའ་ཁྲིམས་ཀྱི་འགན་འཁྲི” “ཞར་བྱུང་དོན་ཚན”བཅས་ནང་དོན་ཚུད་ཡོད་པ་རེད།
བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ལ་ནང་དོན་གཙོ་བོ་ཕྱོགས་གསུམ་ཚུད་ཡོད་དེ། དང་པོ། གཉེན་སྒྲིག་ཁྱིམ་ཚང་གི་ཞབས་ཞུའི་ལས་དོན་གྱི་ནང་དོན་ཁ་སྣོན་བརྒྱབ་ཡོད་ཅིང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཕྱོགས་བསྡུས་རང་བཞིན་གྱི་གཉེན་སྒྲིག་ཁྱིམ་ཚང་གི་ཞབས་ཞུའི་མཛུབ་ཁྲིད་ལས་དོན་དང་ཟུར་ཁྲིད་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཡ་རབས་ལྡན་པའི་གཉེན་སྲོལ་དར་སྤེལ་དང་། ཁྱིམ་ཚང་འཆམ་མཐུན་ལ་སྐུལ་འདེད། གཉེན་སྒྲིག་གི་ལྟ་བ་དང་། བུ་བཙའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་ཡང་དག་པ་འཛུགས་པར་ཁྲིད་སྟོན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། གཉིས་པ། གཉེན་སྒྲིག་གི་ཐོ་འགོད“རྒྱལ་ཡོངས་ཀུན་སྒྲུབ”བཟོས་ཤིང་། གཉེན་སྒྲིག་གི་ཐོ་འགོད་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཐོ་འགོད་པའི་འགྲོ་ལུགས་སྔར་བས་སྟབས་བདེ་རུ་བཏང་ཡོད། གསུམ་པ། གཉེན་སྒྲིག་གི་ཐོ་འགོད་ཞབས་ཞུ་ལེགས་སུ་བཏང་ཞིང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་བྱ་ཐབས་སྤྱད་དེ་གཉེན་སྒྲིག་ཐོ་འགོད་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་དང་གཉེན་སྒྲིག་གི་ཐོ་འགོད་བྱ་ཡུལ་ཚད་དང་ལྡན་པ་དང་སྟབས་བདེ་རུ་གཏོང་དགོས་པའི་གཏན་འབེབས་བཟོས་ཡོད་པ་རེད།