ས་མཐོའི་དཔྱིད་དུས་ཀྱི་འགྲུལ་བཞུད།
ཉིན་ཤས་གོང་། མཚོ་སྔོན་གྱི་2025ལོའི་ཡུལ་སྐོར་མེ་འཁོར་ཐོག་མ་སྟེ། “མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་བོད་སྐྱོད་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཟི་ལིང་འབབ་ཚུགས་ནས་ཐོན་པ་དང་། ཡུལ་སྐོར་བ་300ལྷག་ཙམ་གྱིས་ཆེད་གཏོང་མེ་འཁོར་བསྡད་དེ་དུས་ཡུན་ཉིན་9ཡི་རིང་མཚོ་སྔོན་དུ་མེ་ཏོག་ལ་ལྟ་བ་དང་ས་མཐོའི་མཛེས་པ་ཉམས་སུ་མྱོང་བའི་དཔྱིད་དུས་ཀྱི་འགྲུལ་བཞུད་འགོ་བཙུགས་པ་རེད།
“མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”རྟགས་ཅན་ནི་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་མེ་འཁོར་100གཏོང་རྩིས་ཡོད་པའི་ཁྲོད་ཀྱི་མེ་འཁོར་ཐོག་མ་དེ་ཡིན་ལ། མཚོ་སྔོན་ནས་བོད་ལྗོངས་ཉིང་ཁྲིར་ཐད་ཀར་འབྱོར་བའི་ཡུལ་སྐོར་མེ་འཁོར་ཐོག་མ་དེའང་ཡིན། ཡུལ་སྐོར་མེ་འཁོར་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། རྒྱལ་ནང་གི་ཡུལ་སྐོར་བ་ཕུད། ད་དུང་སིང་ཀ་ཕོར་གྱི་རྒྱལ་སྤྱིའི་གྲོགས་པོའང་ཡོད་པ་རེད། མེ་འཁོར་དེར་ལོ་60ཡན་གྱི་རྒན་རྒོན་ཡུལ་སྐོར་བས་70%ཡན་བཟུང་བས་དེ་ནི་མིང་དོན་མཚུངས་པའི་དབུ་དཀར་ཆེད་གཏོང་མེ་འཁོར་ཞིག་རེད།
“མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཚང་མར་གསོ་རླུང་ལྡན་པའི་ཉལ་ཁྲིའི་འཁོར་སྒྲོམ་ཡོད་པ་དང་། གློག་འདོན་འཁོར་སྒྲོམ་དང་ཟས་འཁོར་མཉམ་དུ་ཡོད་ལ། སྨན་བཅོས་འགན་སྲུང་མི་སྣ་དང་ཆེད་ལས་སྣེ་ཤན་པ། དེ་བཞིན་ལེ་ལག་ཚང་བའི་སྨན་བཅོས་ཡོ་བྱད་ཆ་ཚང་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་མཚོ་བོད་ཚོགས་པ་ཀུང་སིས་མཚོ་སྔོན་དང་བོད་ལྗོངས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་ནས་ས་ཁོངས་དང་དུས་ཚིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལོ་ཧྲིལ་པོར་ཁྱབ་པའི་སྣ་མང་ཅན་དང་། རང་གཤིས་ཅན། མངགས་བཟོ་ཅན་བཅས་ཀྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་བཏང་ནས་ཡུལ་སྐོར་བ་དེ་བས་མང་བས་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
(《འོད་ཟེར་ཉིན་རེའི་ཚགས་པར》ལས་བརྒྱུད་འགོད་བྱས)