དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐའ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་ཉེའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུས་དབྱི་ཁྲུན། ལིའུ་ཀང་། དབྱང་དབྱི།   |     སྤེལ་དུས།  2025-04-14

    ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་4ཚེས་14དང་15ཉིན་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་དང་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧྭ་མོ་ཉིའི་གདན་ཞུས་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་4ཚེས་15ཉིན་ནས་18ཉིན་བར་མ་ལེ་ཞི་ཡ་དང་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་འདིའི་ནང་འཚམས་འདྲིར་ཕེབས་ཐེངས་དང་པོ་དེ་ཡིན་ལ། ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུ་འཚོགས་རྗེས་མཐའ་འཁོར་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཐེངས་དང་པོའང་རེད།

    རང་རྒྱལ་གྱི་མངའ་ཁོངས་རྒྱ་ཁྱོན་ཆེ་ཞིང་མཐའ་མཚམས་ལམ་ཐག་རིང་བས། མཐའ་འཁོར་ནི་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་གལ་ཆེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་གྱི་སྤྱི་ཡོངས་ཐབས་ཇུས་འགོད་པའི་གཙོ་བོ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འགག་རྩ་བཅས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་གྱི་འདུ་ཤེས་བཏོན་ནས་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དར་སྤེལ་དང་སྐུལ་འདེད་བཏང་བ་དང་། གཙོ་བདག་གི་ཕྱི་འབྲེལ་གྱིས་སྣེ་ཁྲིད་དུ་བྱས་ནས་མཐའ་འཁོར་རྒྱལ་ཁབ་དང་ཕྱོགས་ཡོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ། དངོས་སྒྲུབ་ནུས་ཆེའི་མཐའ་འཁོར་ལས་དོན་གྱི་སྒྲོམ་གཞི་ཆགས་པར་བྱས་ཁར། མཐའ་འཁོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

    རི་ཆུ་འབྲེལ་བ་དང་། མི་ཆོས་རིག་གནས་མཐུན་པ། ཁེ་ཕན་མཉམ་འདྲེས། ལས་དབང་གཅིག་མཐུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ད་ཐེངས་ཨེ་ཤེ་ཡ་ཤར་ལྷོར་ཕེབས་པ་ནི་ཀྲུང་གོའི་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་གྱི་འདུ་ཤེས་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལེའུ་གསར་རྐྱང་ཞིག་བརྩམས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་། དར་རྒྱས་གོང་འཕེལ་དང་དེ་བཞིན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ།

    འདི་ནི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྲུའུ་ཞིའི་མིང་ཐོག་ནས་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་ཐེངས་བཞི་པ་རེད། 2015ལོ་དང་། 2017ལོ། 2023ལོ་བཅས་ཀྱི་རྒྱལ་དོན་འཚམས་འདྲི་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངོ་ཞུགས་འབད་ཐབས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་གཏོད་པར་སྣེ་ཁྲིད་གནང་ཡོད།

    ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་མཐོ་ཤོས་ཀྱིས་ཕྱོགས་སྟོན་ཁ་སྒྱུར་དང་འཐབ་ཇུས་ཀྱི་སྣེ་ཁྲིད་གནང་བ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཆེ་ཤོས་དང་ཆབ་སྲིད་ཀྱི་འགན་ལེན་གལ་ཆེ་ཤོས་ཤིག་རེད།

    དུས་རབས་འབྲེལ་མཚམས་སུ“ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན། ཕྱོགས་ཡོངས་མཉམ་ལས”བཅས་ཀྱི་བྱེད་ཕྱོགས་དང“ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། རོགས་ཟླ་བཟང་པོ”བཅས་ཀྱི་སྙིང་སྟོབས་གཏན་འཁེལ་བྱས་པ་ནས་2008ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པའི་བར་དང་། དེ་ནས་དུས་རབས་གསར་པར་སླེབས་སྐབས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པའི་བར། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོས་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན། ཐུན་མོང་གི་ལས་འགན་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།

    གཏིང་ཟབ་པའི་ལོ་རྒྱུས་ལ་ཁུངས་དེད་ན། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་པོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་གསར་བརྗེའི་སྙིང་སྟོབས་དེ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཧུའུ་ཀྲི་མིང་གི་ཀུན་དད་ཀུན་མོས་ཀྱི་སྙན་ངག“ཝེ་ཀྲུང་མཛའ་གྲོགས་ཟབ། བློ་མཐུན་སྒང་ལ་སྤུན་ཟླ”ཞེས་པ་འདི་ཐེངས་མང་དྲངས་གནང་མྱོང་། དེ་གོང་ཝེ་ཐེ་ནམ་ལ་འཚམས་འདྲི་ཐེངས་གསུམ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ཀྲི་མིང་གི་བཞུགས་གནས་རྙིང་པར་གཟིགས་པར་མ་ཟད། ཧུའུ་ཀྲི་མིང་གི་བང་སོར་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་རྗེས་དྲན་དང་མྱ་ངན་མཚོན་པར་གནང་བ་རེད། ཧུའུ་ཀྲི་མིང་གི་བཞུགས་གནས་རྙིང་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་བྱ། ང་ཚོས་མའོ་ཀྲུའུ་ཞི་དང་། ཀྲོའུ་ཙུང་ལི། ཀྲུའུ་ཞི་ཧུའུ་ཀྲི་མིང་བཅས་ལ་སློབ་སྦྱོང་ཞུས་ཏེ་ཀྲུང་ཝེའི་མཛའ་གྲོགས་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས”ཞེས་རྗེས་དྲན་ཞུས་ནས་མྱོང་བ་ཟབ་མོས་གསུངས་པ་རེད།

    འདི་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་གྱི་ལོ་ཡིན་ལ། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཚོགས་ཆེན་བཅུ་བཞི་པ་འཚོག་གྲ་སྒྲིག་པའི་འགག་རྩའི་ལོ་ཡང་ཡིན་པས། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀར་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དར་རྒྱས་གཏོང་བའི་འགག་རྩའི་སྐབས་སུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཁ་ཕྱོགས་གཏན་འཁེལ་འཕྱུགས་མེད་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཟབ་པ་དང་། བདེ་འཇགས་མཉམ་ལས་སྔར་བས་ཏན་ཏིག དངོས་སྒྲུབ་མཉམ་ལས་སྔར་བས་དམ་ཟབ། དམངས་འདོད་རྨང་གཞི་སྔར་བས་བརྟན་པ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་སྔར་བས་ཚགས་ཚུད། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་དང་ཐག་གཅོད་བྱེད་ཚད་སྔར་བས་ཡག་པ་བཅས“སྔར་བས་དྲུག”གི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། ཁྱིམ་མཚེས་མཛའ་གྲོགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་དང་ལས་དབང་གཅིག་མཐུན་གྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འབྱུང་འགྱུར་བཏོད་ནས་ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་དྲང་ནུས་སྔར་བས་མང་བ་སྣོན་དགོས།

    ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པར་དེ་བས་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་ནང་དོན་དང་འཛམ་གླིང་གི་དོན་སྙིང་སྣོན་པ།

    ཀྲུང་གོ་དང་མ་ལེ་ཞི་ཡའི་དབར་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་ས་ཁུལ་དང་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། མ་ལེ་ཞི་ཡ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཙུགས་རྗེས་ཀྱི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཅིག་ཡིན་ལ་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་ཡིན། 2023ལོའི་ཟླ་3པར་ཕྱོགས་གཉིས་པོའི་དབར་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད།

    2024ལོའི་ཟླ་5པར། ཀྲུང་གོ་དང་མ་ལེ་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད། ཀྲུང་གོའི་སྦྲག་སྲིད་དང་མ་ལེ་ཞི་ཡའི་སྦྲག་སྲིད་ཀྱིས་ཐུན་མོང་ཐོག་མཉམ་འབྲེལ་དྲན་རྟེན་སྦྲག་རྟགས་བཏོན་ཞིང་། སྦྲག་རྟགས་ཐོག་གི་ཀྲུང་གོའི་མགྲོན་བསུའི་ཐང་ཤིང་དང་མ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་རྒྱལ་མཚོན་ཤིང་དབྱིན་ཆེ་བཀོད་པ་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་མཛའ་གྲོགས་ཟབ་མོ་མཚོན་ཡོད། མ་ལེ་ཞི་ཡའི་སློབ་གསོའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ལྟེ་གནས(EMGS)ཀྱི་གྲངས་གཞི་ལས་མངོན་པར། 2024ལོར་མ་ལེ་ཞི་ཡར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་གསར་པ་ཁྲི་3.3ལྷག་ཙམ་ཟིན་པ་དང་། ཀྲུང་གོའི་མཐོ་སློབ་17དུ་མ་ལེ་ཞི་ཡའི་སྐད་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ། 2024ལོར་མ་ལེ་ཞི་ཡས་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་380ཙམ་ལ་སྣེ་ལེན་ཞུས་པ་དང་ཁྲུང་ཆིང་དང་ཤིན་ཅང་སོགས་ནི་མ་ལེ་ཞི་ཡའི་ཡུལ་སྐོར་བ་འགྲོ་ཡུལ་གཙོ་བོ་ཞིག་ཏུ་གྱུར་པ། ཀྲུང་གོ་དང་མ་ལེ་ཞི་ཡས་མཉམ་དུ་རེ་འདུན་ཞུས་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“རྒྱལ་སྐྱེལ་གྲུ་གཟིངས--མི་དང་རྒྱ་མཚོའི་དབར་རྒྱུན་མཐུད་ཆོག་པའི་འབྲེལ་བའི་ཆོ་ག་དང་འབྲེལ་ཡོད་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་ཐོར་ཚུད་རྗེས་ཀྲུང་གོ་དང་མ་ལེ་ཞི་ཡས་ཡང་བསྐྱར་མཉམ་དུ“སེང་རྩེད”རྣམ་གྲངས་འཛམ་གླིང་རིག་གནས་ཤུལ་བཞག་ལ་རེ་འདུན་ཞུས་པ་ལ་སོགས། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་པ་དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་ཟད་མེད་སྒུལ་ཤུགས་ཤིག་རེད།

    ཡུན་རིང་མ་སོང་གོང་། མ་ལེ་ཞི་ཡ་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་པ་དང་། མ་ལེ་ཞི་ཡ་ནི་ད་ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་ད་ལྟ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཀྱི་འགན་འཁུར་བཞིན་ཡོད། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། ཚོང་དོན་དང་མ་འཇོག་རང་མོས་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་བཅས་བྱས་པ་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་རེད།

    འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ཀྱི་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པ་སྐྲུན་པ།

    གྲོགས་པོ་རྙིང་པ་བཞིན་རྟག་ཏུ་ཐུག་འཕྲད་བྱེད་ཀྱི་ཡོད་ལ། གཉེན་ཉེ་དང་འདྲ་བར་རྟག་ཏུ་འགྲོ་རེས་ཀྱང་བྱེད་ཀྱི་ཡོད། ལོ་9འདས་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་མཛེས་སྡུག་ལྡན་པའི་ཁམ་ཕུ་ཁྲེར་ཕེབས་པ་རེད།

    2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ངོས་ནས་ཁམ་ཕུ་ཁྲེར་འཚམས་འདྲི་ཐེངས་དང་པོ་གནང་ནས་ཀྲུང་གོས་གྲོགས་པོ་རྙིང་པར་བརྩི་མཐོང་བྱེད་པ་དང་། གྲོགས་པོ་རྙིང་པ་མི་བརྗེད་པ། གྲོགས་པོ་རྙིང་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་བཅས་ཀྱི་གོ་བརྡ་གསལ་པོ་སྤྲད་གནང་ཡོད། 2019ལོར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བྱ་སྤྱོད་འཆར་གཞིར་སྔོན་ལ་མིང་རྟགས་བཀོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་དཔེ་སྟོན་གྱི་ནུས་པ་བཏོན་ཡོད། 2023ལོར་ཕྱོགས་གཉིས་པོས་སྤུས་ཚད་མཐོ་བ་དང་། ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་རབས་གསར་པ་འགོ་བཙུགས་ཡོད།

    2023ལོའི་ཟླ་9པར་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མྰ་ནའེ་ཡིས་འགན་བཞེས་རྗེས་ཀྲུང་གོ་འདི་ཉིད་ཕྱོགས་གཉིས་པོའི་འཚམས་འདྲི་བྱ་ཡུལ་རྒྱལ་ཁབ་དང་པོར་བདམས་ཏེ། “ངས་ཀྲུང་གོ་འདི་ཉིད་དངོས་གཞིའི་འཚམས་འདྲིར་སྐྱོད་པའི་རྒྱལ་ཁབ་དང་པོར་བརྩི་དོན་ནི་ཁམ་ཕུ་ཁྲེའི་སྲིད་གཞུང་སྐབས་གསར་པས་ཀྲུང་གོར་མཛའ་གྲོགས་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་མཚོན་པར་བྱས་ཏེ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་འགྱུར་མེད་ཀྱི་མཛའ་གྲོགས་སྔར་བས་དར་རྒྱས་གོང་འཕེལ་དུ་གཏོང་ཆེད་ཡིན”ཞེས་གསུངས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇལ་འཛོམས་གནང་རིང་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཁམ་ཕུ་ཁྲེའི་བློས་འཁེལ་ཤོས་ཀྱི་གྲོགས་པོ་དང་རྒྱབ་རྟེན་བརྟན་ཤོས་དེ་ཡིན་ཞེས་གསུངས་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཁམ་ཕུ་ཁྲེས་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཁམ་ཕུ་ཁྲེའི“ཟུར་ལྔའི་འཐབ་ཇུས”འབྲེལ་མཐུད་བྱས་པས་ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཕ་ལམ་མཐའ་དྲུག”གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས“བཟོ་ལས་འཕེལ་རྒྱས་ཀྱི་ཁྱམས་རིང”དང“ཉ་དང་འབྲས་ཀྱི་ཁྱམས་རིང”འཛུགས་སྐྲུན་ཡག་པོ་བྱས་ཤིང་། དམངས་ཕན་འདུ་འགོད་སྔར་བས་མང་བ་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་བས་ཡག་པ་བསྐྲུན་ཡོད།

    མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་དོན་གཉེར་བྱེད་པ་ནི་ཐབས་མཁས་རང་སྲུང་གི་དེང་རབས་ཅན་མིན་པར་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ནས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་། ཁྱིམ་མཚེས་རྒྱལ་ཁབ་བདེ་འཇགས། ཁྱིམ་མཚེས་རྒྱལ་ཁབ་ཕྱུག་འགྱུར། མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས། ལས་དབང་གཅིག་མཐུན་བཅས་ཀྱི་འདུ་ཤེས་དང་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མཐའ་འཁོར་རྒྱལ་ཁབ་ལ་ཕན་པ་དེ་བས་མང་བ་འཐོབ་པར་བྱེད་ཀྱི་ཡོད། ཀྲུང་གོས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ཕྱོགས་དང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པ་ནི་ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་དབར་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་མཐའ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

    མ་འོངས་པར། ཀྲུང་གོས་མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་དང་། དུས་བདེ། དར་རྒྱས། མཛེས་སྡུག མཛའ་གྲོགས་བཅས་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”འཛུགས་སྐྲུན་བྱ་རྒྱུ་དེ་ཐུན་མོང་གི་བསམ་འདུན་དུ་བྱས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྒུལ་ཤུགས་ཆེན་པོ་བསྣན་ཏེ་ས་ཁུལ་ཞི་བདེ་དང་དར་རྒྱས་གོང་འཕེལ་ཡོང་བར་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་སུ་འབུལ་འདོད་ཡོད།

    (འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲའོ་དབྱི་ཕུའུ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།