དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁུ་ཁུ་ཤི་རི་སྲུང་སྐྱོབ་བྱེད་སྟངས་ལ་དེང་རབས་ཚན་རྩལ་གྱིས་འདེགས་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་ཡུང་། ཆའོ་ཏུང་།   |     སྤེལ་དུས།  2025-04-13

    འདི་ནི་ཁུ་ཁུ་ཤི་རིའི་སྲུང་སྐྱོབ་ཁུལ་གྱི་འབྲོང་ཡིན་པ།

    འདི་ནི་སྐོར་སྲུང་རུ་མིས་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་པ།

    འདི་ནི་ཁུ་ཁུ་ཤི་རིའི་སྲུང་སྐྱོབ་ཁུལ་གྱི་རྐྱང་ཡིན་པ།

    ཉིན་ཤས་གོང་། གསར་འགོད་པ་དང་བཅས་པ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁུ་ཁུ་ཤི་རི་དོ་དམ་ཁྲུའི་སྐོར་གཡེང་རུ་མི་དང་མཉམ་དུ་ཁུ་ཁུ་ཤི་རིའི་དབུས་རྒྱུད་དུ་བསྐྱོད་དེ་གནས་འདིར་བྱུང་བའི་འགྱུར་ལྡོག་གསར་པ་ཉམས་ལེན་བྱས་པ་ཡིན།

    “ཉིན་མོ་ནང་མིར་བརྙན་ལམ་ནས་ཁ་པར་རྒྱག་ཐུབ་པས་བློ་ཡིད་རྦད་དེ་ཚིམ་སོང”

    “ས་མ་རུབ་གོང་ལ་ངེས་པར་དུ་རྩོ་ནག་མཚོར་སླེབས་པ་བྱེད་དགོས། གལ་སྲིད་ཉི་མ་ལར་བཞུད་ན་ང་ཚོ་རླངས་འཁོར་ནང་ཉལ་རྒྱུ་ལས་ཐབས་གཞན་མེད”ད་ཐེངས་རུ་སྣེ་ཁྲིད་མཁན“རུ་དཔོན”ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁུ་ཁུ་ཤི་རི་དོ་དམ་ཁྲུའུ་སྐྱེ་ཁམས་ཁོར་ཡུག་ཁོའོ་ཡི་ཁོའོ་ཀྲང་ལྷ་ཀླུང་ཚེ་རིང་རེད།

    རྒྱལ་ལམ་109ནས་ནུབ་ཕྱོགས་སུ་བསྐྱོད་ན་རྩོ་ནག་མཚོའི་ཕྱོགས་སུ་སྐྱོད་པའི་ལམ་རེད། བྱེ་རྡོའི་ལམ་དུ་སྐྱོད་འགོ་ཚུགས་རྗེས་རླངས་འཁོར་ནང་གི་མི་ཡར་འཕག་མར་བརྡབ་བྱེད་པ་དེས་ང་ཚོར“ཚེ་སྲོག་བཀག་སྡོམ་ཁུལ”དུ་སླེབས་པ་རེད་ཅེས་དྲན་སྐུལ་བྱས་པ་ལྟར་སྣང་། ལམ་བར་དུ་རྐྱང་དང་། འབྲོང་། གཙོད་སོགས་ཁྱུ་དང་ཁྱུ་བྱས་ཏེ་ལམ་གཡས་གཡོན་ནས་འགྲོ་བ་མཐོང་རྒྱུ་འདུག

    རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་དུ་གནས་པའི་ཁུ་ཁུ་ཤི་རིར་སྐྱོད་སའི་ལམ་དེ་རྐང་བཙུགས་ནས་སྔར་ཡོད་རྣམ་པ་ལྟར་བཞག་ནས་འགྱུར་ལྡོག་བཏང་མི་འདུག འོན་ཀྱང་དེའི་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་གསར་པ་བྱུང་འདུག

    རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། སྐོར་སྲུང་རུ་མི་ཚོའི་སྒྲིག་ཆས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། དེ་སྔའི་རླངས་འཁོར་ཚང་མ་ད་ཆ་འཁོར་བཞིར་སྒུལ་ནུས་ལྡན་པའི་བྱེས་བགྲོད་རླངས་འཁོར་དུ་རིམ་སྤོར་བྱུང་བ་དང་། སྔོན་མ་རི་སྐོར་ལ་སྐྱོད་ཐེངས་རེར་ཟླ་ཕྱེད་ཡས་མས་འགོར་མོད། འོན་ཀྱང་ད་ཆ་སྲུང་སྐར་ཁ་པར་བརྒྱུད་བདེ་འཇགས་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་ཆོག

    ས་མ་རུབ་གོང་ས་བབ་མཐོ་ཚད་སྨི་4800ལྷག་ཙམ་ཟིན་པའི་རྩོ་ནག་མཚོའི་སྲུང་སྐྱོབ་ས་ཚིགས་སུ་འབྱོར། རླངས་འཁོར་གཅིག་རྗེས་གཉིས་མཐུད་ངང་དེ་ཙམ་ཆེན་པོ་མེད་པའི་སྲུང་སྐྱོབ་ས་ཚིགས་ཀྱི་སྒོ་རའི་ནང་བཞག་པས། མི་ཡང་འགྲོ་སྐྱོད་མི་བདེ་བར་གྱུར།

    སྲུང་སྐྱོབ་ས་ཚིགས་ཀྱི་མཁྲེགས་ཆས་སྒྲིག་བཀོད་ཚང་མ་གསར་རྐྱང་བརྗེས་ཤིང་། “སྔོན་མ་སྟབས་བདེའི་གུར་ནང་སྡོད་དགོས་པས་ཧ་ཅང་གྲང་མོ་ཡོད། འོན་ཀྱང་ད་ཆ་བཀྲེས་ལྟོགས་དང་གྲང་ངར་གྱིས་མནར་དགོས་མེད”ཅེས་རྩོ་ནག་མཚོའི་སྲུང་སྐྱོབ་ས་ཚིགས་ཀྱི་དེ་སྔའི་ཀྲན་ཀྲང་གཞོན་པ་ཀུའོ་ཞུའེ་ཧུའུ་སོགས་ཀྱིས་མེད་དུ་མི་རུང་བའི་རྡོ་སོལ་ཐབ་གཏོང་གིན་དེ་ལྟར་བཤད།

    མི་རྣམས་ཧང་སངས་དགོས་པར། ལེ་དབར་བརྒྱ་ཕྲག་ཡོད་པའི་མི་མེད་ལུང་སྟོང་འདིར་ལག་ཐོགས་ཁ་པར་ལ་བརྡ་རྟགས་འདུག “ན་ནིང་འོད་ཤུགས་པང་ལེབ་བཙུགས་རྗེས་ཉིན་མོ་ནང་མིར་བརྙན་ལམ་ནས་ཁ་པར་རྒྱག་ཐུབ་པས་བློ་ཡིད་རྦད་དེ་ཚིམ་སོང”ཞེས་ཀུའོ་ཞུའེ་ཧུའུ་ཡིས་བཤད།

    “སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་བ་ལས་གཙོད་གནས་སྤོའི་ལམ་ཐིག་ལ་ཐེབས་པའི་ཤུགས་རྐྱེན་ནི་ང་ཚོའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན”

    ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་ཕྱོགས་བཞི་སྨུག་པས་བསྒྲིབས། ཀུའོ་ཞུའེ་ཧུའུ་ཡིས“ཉི་མ་མཚོར་འགྲོ་སའི་ལམ་མ་གཞི་ནས་འགྲོ་ཁག་པོ་ཡོད། སྨུག་པས་བསྒྲིབས་ན་ཁ་བ་འབབ་སྲིད”ཅེས་སྨིན་མ་བསྡུས་ཤིང་བཤད།

    ལ་ཁ་ཤས་བརྒྱབ་རྗེས། ལམ་དངོས་འབྲེལ་འགྲོ་མི་བདེ་བར་གྱུར། མདུན་ཕྱོགས་སུ་སྐྱ་ཐེར་ཐེར་ཆགས་པ་དང་རླངས་འཁོར་རྒྱབ་ཀྱི་འགྲོ་ཤུལ་ཡང་མཐོང་རྒྱུ་མིན་འདུག

    ཚན་རིག་རྟོག་ཞིབ་བྱེད་སའི་མཚོ་འགྲམ་དུ་འབྱོར་དུས། ལས་རིགས་གཅིག་པའི་ལྗིད་ཐེག་རླངས་འཁོར་གྱི་འགོའི་ལྷུ་ལག་ཡང་ཡམ་ཡོམ་ཆེ་བའི་ལམ་བར་དུ་ཟགས་འདུག “གནམ་གཤིས་འདིར་བལྟས་ན་ཉི་མ་མཚོ་རུ་འབྱོར་དུས་དགོང་མོའི་ཆུ་ཚོད་བཅུ་པ་ཡོལ་བཟོ་འདུག”མ་ཟད་ཉི་མ་མཚོའི་མི་མེད་བདག་སྐྱོང་ས་ཚིགས་སུ་ཞག་སྡོད་ཀྱི་ཆ་རྐྱེན་ཡག་པོ་མེད་པར་བརྟེན་ང་ཚོས་སྔོན་གྱི་འཆར་གཞི་བསྒྱུར་ནས་རྩོ་ནག་མཚོར་ལོག་པ་ཡིན།

    མིག་སྔར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་ཇུས་གཞི》བཀོད་དེ། གསའ་དང་གཙོད་སོགས་རྩ་ཆེའི་སྲོག་ཆགས་ལྟ་ཞིབ་ཚད་ལེན་ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད། “རྒྱལ་ཁབ་སྤྱི་གླིང་གིས་གཙང་གསུམ་ཆུ་འགོའི་ས་ཁོངས་ཀྱི་གཞི་རྩའི་བརྟག་དཔྱད་ལ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ལ་བྱུང་བའི་འགྱུར་ལྡོག་ལས་གཙོད་གནས་སྤོའི་ལམ་ཐིག་ལ་ཐེབས་པའི་ཤུགས་རྐྱེན་ནི་ང་ཚོའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན”ཞེས་ཀྲའོ་ཤིན་ཆོན་གྱིས་བཤད།

    རྩོ་ནག་མཚོའི་སྲུང་སྐྱོབ་ས་ཚིགས་སུ་ཕྱིར་ལོག་བྱེད་སྐབས་ཉི་མ་ནུབ་རིའི་ཕང་བར་བཞུད་གྲབས་བྱེད། སྨུག་པའི་ཁྲོད་ཀྱི་རྩོ་ནག་མཚོ་ངོས་སུ་དར་ཆགས་མོད། འོན་ཀྱང་སྔར་བཞིན་བརྗིད་ཉམས་ལྡན་ལ་མི་རྣམས་ལ་ལྷིང་འཇགས་བག་ཕེབས་ཀྱི་ཚོར་བ་ཞིག་ངང་གིས་སྟེར།

    ཉིན་གཉིས་པའི་མཚན་མོར། ལ་དུག་ཕོག་པའི་དབང་གིས་གཟུགས་པོ་ཧ་ཅང་མི་བདེ་བར་གྱུར་ཏེ། ཉལ་ཆས་བཤུས་ན་འཁྱགས་པ་དང་གོན་ན་དབུགས་རྔུབ་གཏོང་དཀའ་བའི་ཁར། གསོ་རླུང་རྔུབ་བྱེད་ཀྱི་དབུགས་རིལ་ནས་འཚེར་འཚེར་གྱི་སྒྲ་མཚམས་མི་ཆད་པར་གྲགས་པས་གཉིད་དུ་ཡུར་ཐབས་བྲལ། གསར་འགོད་པ་ཡར་ལངས་ནས་ཕྱིར་དོན་སྐབས་སྒོ་རའི་འགྲམ་གྱི་མུ་འབྲེལ་ཉལ་ཁྲི་བརྒྱབ་པའི་ཁང་པའི་ནང་ལྷ་ཀླུང་ཚེ་རིང་དང་ཀུའོ་ཞུའེ་ཧུའུ་གཉིས་པོའང་ད་དུང་གཉིད་མ་ཤོར་བར་བསྡད་འདུག ལྷ་ཀླུང་ཚེ་རིང་གིས“ང་ཚོ་ལོ་ལྟར་རི་སྐོར་ལ་འགྲོ་དགོས་ཀྱང་འདིར་སླེབས་ན་གཉིད་ཁུག་གི་མི་འདུག ཁྱེད་ཚོར་དེ་བས་ཁག་མེད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཁུ་ཁུ་ཤི་རི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། གྲངས་གཞི་ལས་མངོན་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་གི་ཆུ་རྩ་གསོ་འཁྱོངས་བྱེད་ཚད་ཆ་སྙོམས་བྱས་ན་ལོ་ལྟར་6%ཡན་འཕར་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་སྟེ། གཙོད་སྲུང་སྐྱོབ་བྱེད་པའི་ཐོག་མའི་དུས་ཀྱི་གྲངས་འབོར་ཁྲི་2ཀྱང་མ་ཟིན་པ་ནས་ད་ཆའི་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་སྟེ། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་ནས་ཉེན་ཁ་ཅུང་ཆེ་བའི་སྲོག་ཆགས་རིགས་གྲས་སུ་གྱུར་ཡོད། མཐོང་དཀོན་པའི་གསའ་དང་། གཟིག་ཁྲ་ཐིག་ཅན། ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ལ་སོགས་ཀྱང་མཐོང་རྒྱུ་ཡོད།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས་སྐོར་སྲུང་བའི་འགན་འཁྲི་སྔར་བས་ལྕི་རུ་ཕྱིན་ཞིང་། ཀུའོ་ཞུའེ་ཧུའུ་ཡིས“དེ་གོང་རྐུ་འགོག་དང་ལྐོག་རྔོན་འགོག་ཟོན་གཙོ་བོར་འཛིན་གྱི་ཡོད། ད་ཆ་སྐྱེ་ཁམས་དམིགས་ཚད་ལྟ་ཞིབ་དང་སྐྱེ་ཁམས་ཀྱི་ཚན་རིག་ཁྱབ་གདལ་སོགས་ཀྱི་འགན་ནུས་མང་དུ་ཕྱིན་ཡོད”ཅེས་བཤད།

    “ང་ཚོས་ཁུ་ཁུ་ཤི་རིར་རྒྱུས་མངའ་ཆེ་བས་ཚང་མར་ཁུ་ཁུ་ཤི་རི་ངོ་སྤྲོད་བྱེད་འདོད་ཡོད”

    ན་ནིང་། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་འགྲེམས་སྟོན་ཁང་གསར་དུ་བསྐྲུན་ཞིང་། སྨི་ངོས་གྲུ་300ལྷག་ཙམ་ཟིན་པའི་འགྲེམས་ཁུལ་གྱིས“ས་མཐོའི་ས་གཙང”དང“སྲོག་ཆགས་ཀྱི་ཞིང་ཁམས”སོགས་ཀྱི་འགྲེམས་པང་ལ་གཞིགས་ནས་ཁུ་ཁུ་ཤི་རིའི་རང་བྱུང་ས་ཁམས་དང་། སྐྱེ་ཁམས་གནས་ཚུལ། སྒྲིག་སྲོལ་འཕོ་འགྱུར་སོགས་ཀྱི་གནས་ཚུལ་འདི་གར་ཡོང་མཁན་ལ་ངོ་སྤྲོད་བྱེད་ཀྱི་ཡོད། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་རུ་མི་དཔལ་ཡག་གིས“འགྲེལ་བཤད་རྒྱག་མཁན་ཚང་མ་ལས་དོན་པ་རེད། ང་ཚོས་ཁུ་ཁུ་ཤི་རིར་རྒྱུས་མངའ་ཆེ་བས་ཚང་མར་ཁུ་ཁུ་ཤི་རི་ངོ་སྤྲོད་བྱེད་འདོད་ཡོད”ཅེས་བཤད།

    ད་ཆ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ“ཚན་རྩལ་གྱི་བྱེད་ཐབས”མང་དུ་ཕྱིན་ཞིང་། སྲུང་སྐྱོབ་ས་ཚིགས་ཀྱི་འགྲམ་དུ་མཐོ་ཚད་སྨི་20ལྷག་ཙམ་ཟིན་པའི“ཉུལ་མིག”ཆེན་པོ་ཞིག་བཙུགས་པ་དེ་ཀྲོང་ངེར་གནས། “དེ་ནི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་བཙུགས་པའི་ལྡིར་སོ་སྤྲོས་ཆས་རེད། བརྙན་ལམ་གྱི་བརྡ་རྟགས་དུས་ཐོག་ཏུ་དོ་དམ་ཁྲུའུ་རུ་འབྱོར་བས་ང་ཚོས་ཁྲིམས་སྒྱུར་བྱེད་པར་སྟབས་བདེ་པོ་འདུག”ཅེས་དཔལ་ཡག་གིས་བཤད།

    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས“གནམ་དབྱིངས་ས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་གིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་ལྟ་འདོམས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ཁྲིམས་སྒྱུར་སྐོར་སྲུང་བཅས་ལ་ཡང་དག་པ་དང་དུས་ཐོག་གི་གྲངས་གཞིའི་འདེགས་སྐྱོར་དང་བདེ་འཇགས་དང་ནུས་ཆེའི་ལག་རྩལ་འགན་ལེན་བྱས་ཡོད། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཅན་ཡུས་ཀྱིས་ངོ་སྤྲོད་བྱས་དོན། “མིག་སྔར་ང་ཚོའི་སྐྱེ་ཁམས་སྐར་ཁུང་གིས་མཚོ་སྔོན་གྱི་ས་གཞི་ཆེན་པོར་ལྟ་ཞིབ་ཚད་ལེན་བྱེད་གནས་70ལྷག་ཙམ་བཙུགས་ཟིན་པ་དང་གྲངས་འབོར་དེ་ད་དུང་མང་དུ་འགྲོ་བཞིན་ཡོད”

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།