ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ཚེ་གཞི་ནས་ཐུན་མོང་ཐོག་དར་རྒྱས་ཡོང་ཐུབ།
ཉིན་ཤས་གོང་ཨ་རི་སྲིད་གཞུང་གིས“སྒོ་ཁྲལ་འདྲ་མཚུངས”ཀྱི་འཆར་གཞི་ཟེར་བ་བཏོན་ཏེ་ཚོང་དོན་རོགས་ཟླ་ཚང་མའི་ས་ནས་སྒོ་ཁྲལ་ཐོལ་པ་བསྡུ་རྩིས་བྱས་ཡོད། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་ཤིང་། ཕྱོགས་ཁག་གིས་ཡོངས་ཁྱབ་ངོས་འཛིན་བྱས་དོན། ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་འཆར་གཞིས“འདྲ་མཚུངས”ཞེས་པར་ཁ་གཡར་བ་དང་དོན་དངོས་ཐོག་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་དབང་ཆའི་ཆབ་སྲིད་ཁྱབ་སྤེལ་དང་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་བྱེད་ཀྱི་ཡོད། བྱེད་སྟངས་དེ་རིགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཕོག་ཐུག་ཚབས་ཆེན་བཏང་བ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོ་ངེས་རེད།
ཨ་རི་ཕྱོགས་ཀྱི“སྒོ་ཁྲལ་འདྲ་མཚུངས”ཀྱི་འཆར་གཞི་ཞེས་པ་དེས་རང་སྣང་གི་འོས་ཚོད་དང་ཕྱོགས་རྐྱང་པའི་ཚོད་སྐོར་གཞི་འཛིན་སར་བྱས་ཏེ། འབྲེལ་ཡོད་ཕྱོགས་ཀྱི་ལུགས་མཐུན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། དེ་ངོ་བོའི་ཐོག་ནས་བརྗོད་ན་བཙན་དབང་ཆབ་སྲིད་ཀྱི་མཚོན་ཚུལ་ཞིག་རེད། ཨ་རི་ཕྱོགས་ཀྱིས་བྱ་སྤྱོད་དེ་འདྲ་ཞིག་སྤེལ་བའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཚོང་དོན་ཁྲོད་ཁོང་ཚོར“གྱོང་གུན་ཕོག་པའི”ད་ཡོད་གནས་ཚུལ་ཡོ་བསྲང་བྱེད་པའི་ཆེད་དུ་ཡིན་ཞེས་འུད་སྒྲོག་བྱས་པ་དེ་ཁུངས་སྐྱེལ་ས་གཏན་ནས་མེད་པ་ཞིག་རེད། ཨ་རི་ཕྱོགས་ཀྱིས“གྱོང་གུན་ཕོག་པ”ཟེར་བ་འདིས་ལོ་མང་རིང་གི་ཕྱོགས་མང་ཚོང་དོན་གྲོས་མོལ་བྱས་པ་ལས་བྱུང་བའི་ཁེ་ཕན་དོ་མཉམ་གྱི་འབྲས་བུ་སྣང་མེད་དུ་བཏང་ཡོད་ལ། ཨ་རི་ཕྱོགས་ལ་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་ཚོང་དོན་ཁྲོད་ནས་ཁེ་ཕན་འབོར་ཆེན་ཐོབ་པའི་དོན་དངོས་སྣང་མེད་དུའང་བཏང་ཡོད།
ཨ་རི་ཕྱོགས་ཀྱིས་མངོན་སུམ་འཛེམ་མེད་དུ་ཆེར་རློམ་ཆུང་གནོན་དང་རང་ལས་ལྷག་པ་མེད་པའི་བྱེད་སྟངས་དེ་རིགས་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཕོག་ཐུག་ཚབས་ཆེན་བཏང་ཡོད། ཨ་རིའི་པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཁྲ་ཏི·པའོ་ཨེན་གྱིས་ངོས་འཛིན་བྱས་དོན། “སྒོ་ཁྲལ་འདྲ་མཚུངས”ཞེས་པ་དེས་ཉུང་མཐར་ཡང་ཕྱོགས་གཉིས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་འགལ་བ་སྟེ། གཅིག་ནས་ཚོང་དོན་རོགས་ཟླ་མི་འདྲ་བར་ཁྱད་པར་ཅན་གྱི་སྒོ་ཁྲལ་ལག་ལེན་བསྟར་བ་དེ་ཁོངས་མིའི་དབར་ཕན་ཚུན་མཐོང་ཆུང་མི་བྱེད་པའི་ཁས་ལེན་དང་འགལ་བ་དང་། གཉིས་ནས་སྒོ་ཁྲལ་གྱི་ཁྲལ་ཚད་ཁོངས་མི་གཞན་དག་དང་གྲོས་མོལ་བྱས་ནས་ཁ་ཆད་བྱས་པའི་ཚད་གཞི་ལས་བརྒལ་ནས་སྤར་བ་དེ་སྒྲིག་འགལ་གྱི་བྱ་སྤྱོད་ཅིག་ཆགས་ཡོད།
གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད། ཚོང་དོན་ཐད་ཀྱི་འགལ་བ་སེལ་རྒྱུའི་འདོད་ཚུལ་འཛིན་པ་དང་རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་དོན། ཕྱོགས་ཁག་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་བརྟན་པོར་བསྲུངས་ཏེ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཤིང་། སྒོ་མོ་ཕྱེ་བ་བརྒྱུད་ཐུན་མོང་འཕེལ་རྒྱས་ཀྱི“མར་ཟན”ཆེ་རུ་གཏོང་དགོས། ཕྱོགས་མང་རིང་ལུགས་ནི་འཛམ་གླིང་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་དང་། དཔལ་འབྱོར་གོ་ལ་ཅན་ནི་འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཞིག་རེད། ཨ་རི་ཕྱོགས་ཀྱི“སྒོ་ཁྲལ་འདྲ་མཚུངས”ཟེར་བར་དམིགས་ནས་ཀྲུང་གོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་ཀྲུང་གོས་ཀྱང་ཕྱོགས་ཁག་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་འབད་བརྩོན་བཅས་བྱ་རྒྱུ་རེད།
དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་སུ། རང་སྡུག་གཞན་འགེལ་གྱི་མིག་རྒྱང་ཐུང་བའི་སྲིད་ཇུས་གང་ཞིག་ཡིན་རུང་ཚང་མ་ཤ་སྟག་རེད། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱ་རྒྱུ་ནི་ཕྱོགས་ཁག་གི་ཁེ་ཕན་འགན་སྲུང་དང་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། དེས་ན་ཨ་རི་ཕྱོགས་ཀྱིས་རྒྱལ་ཕམ་གྱི་བསམ་གཞིག་དོར་བ་དང་ཕྱོགས་རྐྱང་སྒོ་ཁྲལ་བྱ་ཐབས་འཕྲལ་མར་མཚམས་འཇོག་བྱས་ཏེ། སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱི་ཡང་དག་པའི་ལམ་བུའི་ཐོག་ལོག་ནས་ཚོང་དོན་རོགས་ཟླ་དང་འདྲ་མཉམ་གྲོས་མོལ་བྱས་པ་བརྒྱུད། འགལ་བ་འོས་འཚམ་ངང་བསལ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།