ཀྲུང་གོའི་རླངས་འཁོར་ཁེ་ལས་སུ་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་སྤྱོད་པའི་ཚ་རླབས་འཕྱུར་བ།
འདི་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧོ་ཧྥེ་པི་ཡ་ཏི་རླངས་འཁོར་ཚད་ཡོད་ཀུང་སིའི་ལྷུ་ལག་སྒྲིག་སྦྱོར་འཁོར་ཁང་དུ་བཟོ་པས་སྒྲིག་སྦྱོར་བྱས་མ་ཐག་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ། (ཀྲང་ཏ་ཀང་གིས་པར་བླངས)
ཀྲུང་གོའི་རླངས་འཁོར་བཟོ་སྐྲུན་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྐད་བརྡའི་ལས་རོགས་མ་ལག་ནང་ཀྲུང་གོའི་གསར་དར་ཁེ་ལས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་པའི(DeepSeek)མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་གསར་པ་མཐུད་ནས་དེའི་རིགས་འདེད་ནུས་པ་གང་ལེགས་སྤྱད་དེ་མི་དང་རླངས་འཁོར་དབར་གྱི་ཕན་སྒུལ་ནུས་པ་ཆེ་རུ་གཏོང་རྒྱུ་རེད། དེའང་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་འཛད་སྤྱོད་པའི་ཡིད་དབང་འགུག་ས་ཞིག་ལ་གྱུར་ཡོད་པ་རེད།
ཀྲུང་གོའི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཤར་རླུང་རྟགས་ཅན་རླངས་འཁོར་ཚོགས་པས་གཤམ་འོག་གི་ནུས་རྒྱུ་གསར་པའི་རླངས་འཁོར་སྤུས་རྟགས་ཀྱི་འཁོར་དབྱིབས་ཁག་གཅིག་ལ་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་DeepSeek—R1བཀོལ་སྤྱོད་བྱས་ཡོད། ཤར་རླུང་ཚོགས་པས་ངོ་སྤྲོད་བྱས་པར་གཞིགས་ན། འབྱུང་འགྱུར“དྲི་བ་རེར་ལན་རེ་འདེབས་པའི”བྱེད་སྟངས་རྙིང་པ་མ་སྤྱད་པར་རིག་ནུས་མ་ལག་གིས་འཛད་སྤྱོད་པའི་དགོས་མཁོ་དེ་བས་ལེགས་པའི་ངང་རྟོགས་ཏེ་རང་འགུལ་གླེང་མོལ་ཐུབ་རྒྱུ་རེད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྣེ་འདྲེན་ཁེ་ལས་པི་ཡ་ཏི་ཀུང་སིས་ཀྱང་DeepSeek-R1གི་འཆར་གཞི་སྤྱོད་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད།
—— 《རི་པིན་དཔལ་འབྱོར་གསར་འགྱུར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།