ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱལ་ཁོངས་སུ་ཡུལ་སྐོར་དུ་ཡོང་ནས་འཛད་སྤྱོད་བྱེད་པའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་པ།
རྒྱལ་བྲལ་ཁྲལ་སློག་གི“ཉོས་མ་ཐག་སློག་པའི”སྲིད་ཇུས་ རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ།
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《ཕྱི་རྒྱལ་གྱི་ཡུལ་སྐོར་བ་རྒྱལ་མཚམས་ནས་བྲལ་དུས་ཉོ་སྒྲུབ་དཔྱ་ཁྲལ“ཉོས་མ་ཐག་སློག་པའི”ཞབས་ཞུའི་བྱེད་ཐབས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་སྤྱི་བསྒྲགས》བཀྲམ་ནས། རྒྱལ་བྲལ་ཁྲལ་སློག་གི“ཉོས་མ་ཐག་སློག་པའི”ནང་དོན་གཙོ་བོ་དང་། ལས་གཉེར་བརྒྱུད་རིམ། ལག་བསྟར་དུས་ཚོད་བཅས་གཏན་འབེབས་ཁ་གསལ་བྱས་ཏེ། ཞབས་ཞུའི་བྱེད་ཐབས་དེ་ས་གནས་མང་པོར་ཚོད་ལྟ་བྱེད་པ་ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཉོས་མ་ཐག་སློག་པ”ནི་རྒྱལ་བྲལ་ཁྲལ་སློག་གི་སྲིད་ཇུས་རིམ་སྤོར་དང་ལེགས་སུ་གཏོང་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་སྣ་མང་གི་ཁྲལ་སློག་གདམ་ག་མཁོ་འདོན་བྱ་ཆེད་ཡིན་པ་དང་། སྔ་རྗེས་སུ་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཏུང་། སི་ཁྲོན། ཀྲེ་ཅང་སོགས་སུ་ཚོད་ལྟ་བྱས་པ་རེད།
“སྲིད་ཇུས་ལག་བསྟར་བྱས་ཚུན། སྤྱིའི་ཆ་ནས་འཁོར་སྐྱོད་བརྟན་པོ་བྱུང་སྟེ། རྒྱ་ཆེའི་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་དགའ་བསུ་ཐོབ་པ་དང་། ད་ལྟ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་ཆ་རྐྱེན་འཛོམས་ཡོད”རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དངོས་ཟོག་དང་ངལ་ལས་དཔྱ་ཁྲལ་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྲོལ་རྒྱུན་གྱི་རྒྱལ་བྲལ་ཁྲལ་སློག་དང་བསྡུར་ན། “ཉོས་མ་ཐག་སློག་པའི”སྲིད་ཇུས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་ཁྲལ་སློག་གི་ལྷུ་ཚིགས་སྔ་སྣུར་བྱས་པས། ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཉོ་སྒྲུབ་བྱས་རྗེས་འཕྲལ་མར་ཁྲལ་སློག་དངུལ་ལེན་རྒྱུ་ཡོད། དེ་ལས་ཁྲལ་སློག་གི་ཕན་པ་ཐད་ཀར་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ཉོ་སྒྲུབ་བྱ་ཡུལ་ནས་ཁྲལ་སློག་དངུལ་བླངས་ཏེ་ཡང་བསྐྱར་འཛད་སྤྱོད་བྱེད་པར་སྟབས་བདེ་སྐྲུན་ཡོད་པ་རེད།
སྤྱི་བསྒྲགས་ནང་། ཕྱི་རྒྱལ་གྱི་ཡུལ་སྐོར་བས“ཉོས་མ་ཐག་སློག་པའི”ཚོང་ཁང་ནས་ཁྲལ་སློག་དངོས་རྫས་ཉོ་སྐབས། ཡིད་རྟོན་གཱ་ཡི་སྔོན་ཐོབ་དབང་ཆ་གཉེར་རྗེས། ས་གནས་ས་ཐོག་ཏུ་འཁྲོལ་མེད་ཀྱི་ཁྲལ་སློག་དངུལ་ལེན་ཆོག་པ་དང་། ཡུལ་སྐོར་བ་རྒྱལ་མཚམས་ནས་བྲལ་སྐབས་འགག་སྒོ་ལས་ཁུངས་ཀྱིས་འགྲུལ་པའི་ཐོབ་ཐང་དང་ཁྲལ་སློག་དངོས་རྫས་ལ་ཞིབ་བཤེར་བྱེད་དགོས། ཁྲལ་སློག་ལས་ཚབ་སྒྲིག་གཞིས་ཉོ་སྒྲུབ་ཀྱི་ཁྲལ་སློག་ཆ་འཕྲིན་ལ་ནོར་འཁྲུལ་ཡོད་མེད་ཞིབ་བཤེར་བྱས་རྗེས། འཕྲལ་མར་ཡིད་རྟོན་གྭའི་སྔོན་ཐོབ་དབང་ཆའི་ཁག་ཐེག་ཕྱིར་འཐེན་བྱེད་དགོས་པ་མ་ཟད། རྒྱལ་བྲལ་ཁྲལ་སློག་གི་དོན་ཚན་གཉེར་མཚམས་འཇོག་དགོས་པ་བསྟན་ཡོད། སྤྱི་བསྒྲགས་ནང་ད་དུང“ཉོས་མ་ཐག་སློག་པའི”ཞབས་ཞུ་མཁོ་འདོན་བྱེད་འདོད་ཡོད་པའི་ཁྲལ་སློག་ཚོང་ཁང་གིས་ས་གནས་དེ་གའི་ཁྲལ་སློག་ལས་ཚབ་སྒྲིག་གཞི་དང་གྲོས་མོལ་གཅིག་མཐུན་བྱུང་རྗེས“ཉོས་མ་ཐག་སློག་པའི”ཚོང་ཁང་བྱས་ཆོག་པ་གསལ་པོར་བཀོད་ཡོད་པ་རེད།