གཞི་རིམ་བཅོས་སྐྱོང་བྱེད་མཁས་པོ་བྱས་ནས་དུས་བདེའི་རྨང་གཞི་བརྟན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཐོ་སར་སྐུལ་འདེད་དང་། ལམ་སྲོལ་གསར་གཏོད། ཚན་རྩལ་ནུས་སྐྱེད་བཅས་བྱས་པ་བརྒྱུད“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ལས་སྟེགས་བསྐྲུན་ཏེ“སྒོ་གཅིག་ལས་འཛུལ་མི་དགོས་པ་དང་། ཐེངས་གཅིག་ལས་འགྲོ་མི་དགོས་པའི”གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཆགས་པར་བྱས་ནས། མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་འདུན་པ་ཐག་གཅོད་ཏན་ཏིག་བྱས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།
མཐོ་སར་སྐུལ་འདེད་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི“གཡུལ་ས་མདུན་མ”བསྐྲུན་པ།
ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྲིད་ཁྲིམས་ཀྱི་འགན་ནུས་ལ་གཞི་ཚུགས་ནས་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་མཉམ་ཤུགས་ཆགས་པར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། འགལ་བ་དང་རྩོད་གཞི་འགོག་སེལ་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱེད་པའི་ལས་ཀའི་ལས་སྟེགས་གལ་ཆེན་ཞིག་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུས་དང་གྲོང་ཁྱེར) ཤང་དང་གྲོང་རྡལ(ཁྲོམ་གཞུང)བཅས་རིམ་བཞིའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། རིམ་བཞིའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བརྟེན་ནས་ཞབས་ཞུ་རིག་ནུས་ཅན་ལ་དམིགས་པ་དང་། མཉམ་ལས་གཞོགས་འདེགས་དང་། ལས་རིགས་ངོས་འཛིན། ཕན་ཆེ་དང་སྟབས་བདེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་གཞི་གཅིག་ཅན་དུ་འཁོར་སྐྱོད་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་དུས་བདེ་བརྟན་ལྷིང་གི་མཐུན་སྦྱོར་ཆེན་པོ་དང་། བཀོད་འདོམས་ཆེན་པོ། བཀོད་གཏོང་ཆེན་པོ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་ཡོད་པ་རེད།
ལམ་སྲོལ་གསར་གཏོད་བྱས་ནས་འགལ་ཟླ་སེལ་བའི་ནུས་པ་འཕེལ་བར་བྱས་པ།
2022ལོའི་ཟླ་5ཚེས་23ཉིན། བསོད་ཆེ་གེ་མོས་ཚེ་ཆེ་གེ་མོའི་ལག་ནས་ཟོག་འཁོར་ཆེ་གྲས་ཤིག་ཉོ་རྒྱུའི་ཚོང་འགྲིག་ནས་གྲོས་མཐུན་བཞག བསོད་ཆེ་གེ་མོས་བྱེ་བཟོ་ར་བའི་ནང་གི་ལྕགས་རོས་རླངས་འཁོར་གྱི་རིན་གོང་ཆ་ཤས་ཚབ་འཇལ་བྱེད་པར་ཚེ་ཆེ་གེ་མོས་མོས་མཐུན་བྱས། ཡིན་ནའང་། རྗེས་སུ་བསོད་ཆེ་གེ་མོས་ཚེ་ཆེ་གེ་མོར་རླངས་འཁོར་ཉོས་པའི་དངུལ་ཁག་གཅིག་མ་གཏོགས་དངུལ་ལྷག་མ་རྩ་བ་ནས་སྤྲད་མེད་པ་མ་ཟད། རླངས་འཁོར་ལྕགས་རོར་བཙོངས་ནས་ཁོ་པའི་རླངས་འཁོར་གྱི་རིན་པ་འཇལ་ཐབས་ཀྱང་བྱས་མེད། ཚེ་ཆེ་གེ་མོས་བུ་ལོན་ཐེངས་མང་དེད་ཀྱང་ཕན་འདོགས་མ་བྱུང་སྟབས། ཁོ་གཉིས་དབར་འགལ་བ་དང་རྩོད་གཞི་བྱུང་བ་རེད། དོ་བདག་ཕྱོགས་གཉིས་ཀྱིས་བྲག་གཡབ་རྫོང་མི་དམངས་འདུམ་འགྲིག་མཛུབ་ཁྲིད་ལྟེ་གནས་ལ་ཉོ་ཚོང་གན་རྒྱའི་རྩོད་གཞི་དེར་འདུམ་འགྲིག་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད།
2024ལོའི་ཟླ་11ཚེས་27ཉིན། བྲག་གཡབ་རྫོང་གི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་བདག་སྤྲོད་བྱས་རྗེས། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྤྱི་འདོམས་འོག རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་ཚེ་རིང་གིས་ཙུའུ་ཀྲང་བྱས་པའི་འདུམ་འགྲིག་ཚོགས་ཆུང་འཕྲལ་དུ་བཙུགས་པ་རེད། འཇམ་དབྱངས་ཚེ་རིང་གིས་གྱོད་གཞིའི་བརྒྱུད་རིམ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་དཔང་རྟགས་འདང་ངེས་རག་རྗེས་དོ་བདག་ཕྱོགས་གཉིས་དང་གྲོས་མོལ་བྱས་པ་མ་ཟད། ངང་རྒྱུད་རིང་པོས་བསམ་བློའི་སློབ་གསོ་བརྒྱབ་ནས་ཕྱོགས་གཉིས་པོར་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ཁྲིད་སྟོན་དང་འགལ་བའི་འབྱུང་རྐྱེན་ལ་དབྱེ་ཞིབ་ཞིབ་ཕྲ་བྱས་ཏེ། མཐར་ལུགས་མཐུན་གྱི་ཐག་གཅོད་ཇུས་གཞི་བཏོན་པ་རེད། གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། དོ་བདག་གཉིས་པོ་བསམ་འཆར་གཅིག་མཐུན་བྱུང་ནས་འདུམ་འགྲིག་གྲོས་མཐུན་བཞག་པ་རེད།
འདི་ནི་རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་སྣ་མང་གསར་གཏོད་བྱས་པའི་བསྡུས་རིས་ཤིག་རེད།
རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། འགལ་བ་དང་རྩོད་གཞི་འགོག་སེལ་གྱི་ནུས་པ་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་ཤུགས་ཡོད་རྒུས་རྫོང(ཆུས་དང་གྲོང་ཁྱེར)དང་ཤང་དང་གྲོང་རྡལ(ཁྲོམ་གཞུང་)རིམ་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཧུར་ཐག་བསྐྲུན་ཞིང་། ཁྲིམས་ཁང་དང་། སྤྱི་བདེ། ཞིབ་དཔྱོད་ཁང་། མི་སྤྱི། ཡིག་འབུལ་ཞུ་བཅར་སོགས་སྡེ་ཚན་གྱིས་རེས་མོས་སྡོད་བྱ་བྱས་ནས་དུས་ཐོག་ཏུ་འགལ་བ་དང་རྩོད་གཞི་བདག་སྤྲོད་དང་། རྒྱུན་འཁོར། འདུམ་འགྲིག་བཅས་བྱས་པ་མ་ཟད། བཅའ་ཁྲིམས་ཀྱི་རོགས་སྐྱོར་ཞབས་ཞུ་མཁོ་འདོན་བྱས་ནས། འགལ་བ་དང་རྩོད་གཞི“སྒོ་གཅིག་ལས་འཛུལ་དགོས་མེད་པ་དང་། གཅིག་སྡུད་བདག་སྤྲོད་བྱེད་པ། གཅིག་འཐུས་རྣམ་པའི་འདུམ་འགྲིག”བཅས་ལ་སྐུལ་འདེད་བཏང་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ད་དུང་ཚན་རིག་དང་མཐུན་པའི་སྒོ་ནས་དྲ་མིག་དབྱེ་རྒྱུ་མཐའ་འཁྱོངས་དང་དྲ་མིག་11845དུས་ཐོག་ཏུ་ལེགས་བཅོས་བྱས་པས། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཁྱབ་ཚད་100%མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག དྲ་མིག་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་དྲ་མིག་པ་དང་དུད་སྦྲེལ་སྤྱི་མི་བྱེད་དུ་བཅུག་ནས། ཆེད་ལས་དང་ཞོར་ལས་ཀྱི་དྲ་མིག་པ་ཁྲི་4.3ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
ཚན་རྩལ་གྱི་ནུས་པར་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་སྒུལ་ཤུགས་གསར་པ་སྤྱོད་འགོ་ཚུགས་པ།
“འདིར་གད་སྙིགས་གང་བྱུང་དུ་བཤོས་འདུག དུས་ཐོག་ཏུ་གཙང་སྦྲ་བྱས་རྗེས་སློབ་གསོ་ཡག་པོ་རྒྱག་རོགས” མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་གྱི་དྲ་མིག་པ་ཚེ་རིང་བསྟན་དར་ཁྲོམ་གཞུང་དུ་སྐྱོད་སྐབས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་པར་བླངས་ནས“ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས”ཀྱིAPPལ་བསྐུར་བ་རེད། དེ་རྗེས་ཆ་འཕྲིན་འབྱོར་བའི་སྡེ་ཁུལ་གྱི་ལས་དོན་པས་འཕྲལ་མར་ཐག་གཅོད་བྱས་པ་རེད།
འདི་ནི་རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཚད་ལྡན་ཅན་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ནས། ཚན་རྩལ་རིག་ནུས་ཀྱི་བྱ་ཐབས་ལ་བརྟེན་ཏེ་གནད་དོན་ཐག་གཅོད་ནུས་ལྡན་བྱས་པའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་རེད།
རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་ལས་སྟེགས་ལ་བརྟེན་ནས། ཆ་འཕྲིན་ཅན་གྱི་གྲངས་གཞི་དག་འགན་ནུས་སྡེ་ཚན་ཁག་དབར་དང་འབྲེལ་མཐུད་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་དང་ལས་སྟེགས་ཀྱི་དངོས་འཐབ་ཅན་གྱི་ནུས་པ་གང་ལེགས་བཏོན་ཏེ། “ཚད་ལྡན་ཅན་དང་། སྟབས་བདེ། མཉམ་འགུལ། ཕན་ཆེ”བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཧུར་ཐག་བསྐྲུན་ནས། འགལ་བ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་རིག་ནུས་ཅན་ལ་རིམ་པ་སྤོར་བར་སྐུལ་འདེད་བཏང་ཡོད།
གཞན་ཡང་། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཀུན་མཐོང་ལས་གྲྭ་དང་། ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ལས་སྟེགས། ཧྭ་ཝུའེ་སྤྲིན་ཚོམ་APPཐོན་ཁུངས་བཅས་བསྡུ་སྒྲིལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་གནད་ས་ཁོངས་དང་། ལམ་དུམ་གཙོ་བོ། འགག་རྩའི་གནས་བཅས་ལ་གློག་མིག་བསྒར་ནས། གློག་མིག་སྒྲིག་ཆས་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་བརྒྱུད། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཡོད།
གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི“མཐའ་མའི་འགག་གནད”རེད་ལ། མི་དམངས་མང་ཚོགས་ཀྱིས་སྤྱི་པའི་ཞབས་ཞུའི་ནུས་པ་ཤེས་རྟོགས་བྱེད་པའི་བྱེད་ཐབས་ཤིག་ཀྱང་”རེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པ་ནི་མི་དམངས་མང་ཚོགས་ཀྱིས་དུས་བདེར་རེ་སྒུག་བྱེད་པ་ཞིག་ཡིན་པས། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་པར་མུ་མཐུད་སྐུལ་འདེད་དང་། ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་པ། གཞི་རིམ་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་དུས་བདེའི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།