གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར།
དུས་ཚིགས་དང་པོའི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་འཚོང་ཡོང་འབབ་13.4%འཕར་བ།
ཚེས་9ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོའི་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་13.4%འཕར་ནས་ཅུང་མགྱོགས་པའི་འཕར་ཚད་རྒྱུན་མཐུད་བྱུང་བ་དང་། གྲངས་འཛིན་ཐོན་རྫས་ཀྱི་བཟོ་སྐྲུན་ལས་རིགས་དང་གྲངས་འཛིན་ལག་རྩལ་ཉེར་སྤྱོད་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་12%དང་11.6%སོ་སོར་འཕར་ནས་གྲངས་དངོས་དཔལ་འབྱོར་མཉམ་འདྲེས་མུ་མཐུད་ཟབ་ཏུ་ཕྱིན་ཡོད།
ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་བས། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཅུང་མགྱོགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོའི་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སོགས་ལྗང་མདོག་ལག་རྩལ་ཁྱབ་སྤེལ་ཞབས་ཞུ་དུས་མཚུངས་ལས་28.7%དང་17.8%སོ་སོར་འཕར་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལེགས་སུ་ཕྱིན་ནས་ཉི་ནུས་གློག་འདོན་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་42.3%འཕར་ཡོད། ལྗང་མདོག་ཕྱིར་སྐྱོད་ཀྱི་དགོས་མཁོའི་སྐུལ་ཁྲིད་འོག་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་18.6%འཕར་ཡོད།
དངོས་ཚན་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་ཞིང་། དུས་ཚིགས་དང་པོའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་4.8%འཕར་བས་རྒྱལ་ཡོངས་ཀྱི་ཕྱིར་འཚོང་བསྡུར་ཚད་ཀྱི་29.1%བཟུང་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.8མཐོ་རུ་ཕྱིན་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་9.7%འཕར་བས་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད།
ཞབས་ཞུའི་འཛད་སྤྱོད་འཕར་ཚད་ལེགས་ཙམ་ཡོད་པས་གསར་དར་འཛད་སྤྱོད་ལ་གསོན་ཤུགས་ཆེ་ཙམ་མངོན་ཞིང་། དུས་ཚིགས་དང་པོའི་ཞབས་ཞུའི་འཛད་སྤྱོད་དུས་མཚུངས་ལས་5.3%འཕར་བ་དེའི་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་དོ་དམ་དང་ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུའི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་40.5%དང་15.5%སོ་སོར་འཕར་བ་དང་། གློག་བརྙན་འགྲེམས་སྟོན་དང་རིག་རྩལ་གསར་རྩོམ་འཁྲབ་སྟོན་གྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་39.6%དང་15.2%སོ་སོར་འཕར་ཡོད།
གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་ནུས་ལྡན་བཏང་བས་འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེས་པའི་སྲིད་ཇུས་ཀྱི་ཕན་ནུས་མུ་མཐུད་ཐོན་ཞིང་། དུས་ཚིགས་དང་པོའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱིས་འཕྲུལ་ཆས་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་11%འཕར་ཡོད། འཛད་སྤྱོད་དངོས་རྫས་རྙིང་པ་གསར་པར་བརྗེས་པའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་བརྙན་འཕྲིན་སོགས་ཁྱིམ་སྤྱོད་བལྟ་ཉན་སྒྲིག་ཆས་ཀྱི་སིལ་འཚོང་དང་འཁྱགས་སྒམ་སོགས་ཉེར་མཁོའི་ཁྱིམ་སྤྱོད་གློག་ཆས་ཀྱི་སིལ་འཚོང་དུས་མཚུངས་ལས་29.3%དང་38.4%སོ་སོར་འཕར་ཡོད། ལག་ཐོགས་ཁ་པར་སོགས་འཕྲིན་གཏོང་སྒྲིག་ཆས་ཀྱི་སིལ་འཚོང་དུས་མཚུངས་ལས་27.3%འཕར་ཡོད།