དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རིག་ལྡན་འགག་སྒོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རྒྱལ་སྒྲོལ་ཚོང་དོན་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཝེ་ཅུན།   |     སྤེལ་དུས།  2025-04-12

    འདི་ནི་མཛའ་གྲོགས་འགག་སྒོའི་ལས་དོན་པས་ཁེ་ལས་ཀྱི་ལས་མིར་ལས་སྒོ་སྒྲུབ་གཉེར་བྱེད་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

    འདི་ནི་མཛའ་གྲོགས་འགག་སྒོའི་རིག་ལྡན་འགག་སྒོ་ཡི་རིག་ལྡན་བགྲོད་ལམ་ཡིན་པ།

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་མཛའ་གྲོགས་འགག་སྒོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་འབྲེལ་མཐུད་བྱེད་པའི་སྐམ་སའི་འགག་སྒོ་ཆེ་ཤོས་དང་སྟབས་བདེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ཉིན་ཤས་བསྟུད་མར་དེ་གར་འགག་སྒོའི་ལྟ་འདོམས་རྣམ་པ་གསར་རྐྱང་ཞིག་ཚོད་ལྟ་ལག་བསྟར་བྱས་ཏེ་རིག་ནུས་ཅན་གྱི་བྱེད་ཐབས་སྤྱད་ནས་འགག་སྒོའི་ལས་ཕྱོད་དང་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། དེ་གར་གནས་པའི་ཀྲུང་གོའི་རྒྱལ་སྒྲོལ་རིག་ལྡན་འགག་སྒོ་དང་པོ་དེ་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱི་དུམ་བུ་དེ་འདི་ལོ་ཚོད་ལྟའི་འཁོར་རྒྱུག་བྱ་རྒྱུ་རེད།

    “ང་ཚོ་གནས་ཡུལ་གྱི་དོས་སྒམ་དབོར་འདྲེན་བྱ་ཡུལ་དུ་ཁྱོན་གཏན་འཇགས་ཀྱི་དཔྱང་འདེགས་5དང་། སྤྱི་ཚོགས་ཀྱི་དོས་སྒམ་བགྲོད་ལམ་4 མི་མེད་རླངས་འཁོར་གྱི་བགྲོད་ལམ་2བཅས་བཀོད་སྒྲིག་བྱས་པ་དང་རིག་ལྡན་འགག་སྒྲོལ་རྣམ་པ་བརྒྱུད་འགག་སྒོ་སྒྲོལ་བའི་ཕྱིར་གཏོང་དངོས་ཟོག་དེ་དག་དང་ཐོག་སྤྱི་ཚོགས་ཀྱི་དོས་སྒམ་བགྲོད་ལམ་དུ་འབྱོར་བ་དང་དེ་རྗེས་གཏན་འཇགས་དཔྱང་འདེགས་དང་རིག་ནུས་ཁྲིད་སྟོན་གྱི་སྐྱེལ་འདྲེན་རླངས་འཁོར་བརྒྱུད་རྒྱལ་མཚམས་ནས་དབོར་རྒྱུ་རེད”ཅེས་ཀྲུང་ཝེའི་མཛའ་གྲོགས་འགག་སྒོ——མཛའ་གྲོགས་ཟོག་འདྲེན་བགྲོད་ལམ་གྱི་རིག་ལྡན་འགག་སྒོའི་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་དཔོན་ལེང་པའོ་མིང་གིས་དེང་སྐབས་མཛའ་གྲོགས་འགག་སྒོར་ཉིན་རེར་ཆ་སྙོམས་རླངས་འཁོར་ཤར་གཏོང་ཐུབ་ཚད་ཐེངས་གྲངས་1500ཙམ་ཟིན་པ་དང་ཀྲུང་ཝེ་ཕྱོགས་གཉིས་པོའི་དབར་རིག་ལྡན་འགག་སྒོ་ཕྱོགས་ཡོངས་ནས་བསྐྲུན་པ་དང་འབྲེལ་བཀོལ་སྤྱོད་བྱས་རྗེས་མཛའ་གྲོགས་འགག་སྒོའི་འགག་སྒྲོལ་ནུས་པ་ལྡབ་གཅིག་འཕར་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་འབྲེལ་མཐུད་ལ་རམ་འདེགས་ཐུབ་རྒྱུ་རེད་ཅེས་བཤད།

    “སྤྱིར་བཏང་བྱས་ན་སྐར་ཆ་45ཙམ་ལ་འགག་སྒོ་སྒྲོལ་ཐུབ་ཀྱི་ཡོད”

    “འགག་སྒོར་སླེབས་རྗེས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་ནས་མཛུབ་རིས་དང་གདོང་རིས་ཀྱི་ཆ་འཕྲིན་བཅུག་རྗེས་སྤྱིར་བཏང་བྱས་ན་སྐར་ཆ་45ཙམ་ལ་འགག་སྒོ་སྒྲོལ་ཐུབ་ཀྱི་ཡོད”ཅེས་ཝེ་ཐེ་ནམ་གྱི་ཁ་ལོ་བ་རོན་ལགས་ཀྱིས་བཤད་པ་དང་ཝེ་ཐེ་ནམ་གྱི་ཤིང་འབྲས་ཀྲུང་གོའི་དངོས་ཟོག་ཁྲོམ་རར་དབོར་རྒྱུ་ནི་ཁོང་གི་ལས་འགན་ཡིན་པ་དང་མཛའ་གྲོགས་འགག་སྒོའི་འགག་སྒྲོལ་ཆ་རྐྱེན་སྟབས་བདེ་པོ་ཡོད་པར་བརྟེན་ད་ཆ་ཁོང་གིས་རྒྱལ་ཁབ་གཉིས་པོའི་དབར་ཟླ་རེར་ཆ་སྙོམས་ཐེངས་30ཙམ་འགྲོ་འོང་བྱེད་ཀྱི་ཡོད།

    མཛའ་གྲོགས་འགག་སྒོར་སུའུ་ཀྲོའུ་ཧྥུ་ལན་ཁང་ཟོག་འགྲེམས་ཀོང་ཤིས་ཡན་ལག་ཀུང་སིའི་སྒོ་ཁྲལ་མེད་ཁུལ་གྱི་མཛོད་ཁང་ནང་དངོས་ཟོག་དབོར་འདྲེན་ཡང་ཡང་བྱེད་པ་དང་རིན་ཐང་ཆེ་བའི་གློག་རྡུལ་གྱི་ལྷུ་ལག་སྒམ་རེ་རེ་བཞིན་མཛོད་ཁང་དུ་འབྱོར་ནས་རླངས་འཁོར་ནང་བཅུག་སྟེ་ཝེ་ཐེ་ནམ་དུ་དབོར་རྩིས་ཡོད་པ་རེད། མཛོད་ཁང་གི་བདག་གཉེར་ལི་ཀྲེན་གྱིས་ལག་འཁྱེར་ཁ་པར་སྤྱད་དེ་དངོས་ཟོག་ཁག་བཅུ་ལྷག་ཙམ་གྱི་འགག་སྒྲོལ་མྱུར་ཚད་ཁོང་དུ་ཆུད་ཡོད། ལི་ཀྲེན་གྱིས“ད་ཆ་རིག་ལྡན་མཛའ་གྲོགས་འགག་སྒོའི་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་བྱ་རིམ་ཡོད་སྟབས་ལག་འཁྱེར་ཁ་པར་ཐོག་སྔོན་ཚུད་ནས་འགག་སྒྲོལ་གྱི་འགྲོ་ལུགས་གཉེར་ཐུབ་ཀྱི་འདུག ད་དུང་ལག་འཁྱེར་ཁ་པར་ནས་དངོས་ཟོག་འགག་སྒྲོལ་གྱི་མྱུར་ཚད་ཀྱང་ལྟ་ཐུབ་པས་འགག་སྒྲོལ་གྱི་ལས་ཕྱོད་མཐོ་རུ་ཆེས་ཆེར་ཕྱིན་ཡོད”ཅེས་བཤད་པ་དང་2024ལོར་ཀུང་སི་དེའི་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་2.4ཟིན་ནས་དུས་མཚུངས་ལས་ལྡབ་གཅིག་འཕར་བ་རེད།

    2022ལོ་ནས་བཟུང་མཛའ་གྲོགས་འགག་སྒོས་དྲ་ཐོག་གི“རིག་ལྡན་ཟོག་འགྲེམས་དོ་དམ་ཚོད་འཛིན་གྱི་ལས་སྟེགས”དང་། “རིག་ནུས་བཙལ་འཚོལ་གྱི་གཞོགས་འདེགས་དོ་དམ་མ་ལག” “རིག་ནུས་ནད་ཡམས་ཞིབ་དཔྱད་ཀྱི་མ་ལག”བཅས་གཅིག་རྗེས་གཉིས་མཐུད་ངང་ཁྱབ་གདལ་བཏང་བས་འགག་སྒོའི་འགག་སྒྲོལ་ལས་ཕྱོད་ཆེ་རུ་ཆེས་ཆེར་ཕྱིན་པ་རེད། འདི་ལོའི་ཟླ་དང་པོ་དང་གཉིས་པར་མཛའ་གྲོགས་འགག་སྒོའི་དངོས་ཟོག་ཚོང་དོན་ནང་འདྲེན་ཕྱིར་གཏོང་ཐད་གྲངས་གནས་གཉིས་ཀྱི་འཕར་ཚད་མངོན་འགྱུར་བྱུང་བ་དང་ཕྱི་ཕྱོགས་ཚོང་དོན་ལ་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་པ་རེད།

    “དངོས་ཟོག་དེ་དག་ཀོང་ཤིས་ནན་ཉིང་ནས་ཝེ་ཐེ་ནམ་གྱི་པེ་ཅང་དང་པེ་ཉིང་ཞིང་ཆེན་དུ་ཆུ་ཚོད་24ཡི་ནང་ཚུན་དུ་འབྱོར་གྱི་ཡོད”

    ཀྲུང་ཝེའི་མཛའ་གྲོགས་འགག་སྒོ——མཛའ་གྲོགས་ཟོག་འདྲེན་བགྲོད་ལམ་གྱི་རིག་ལྡན་འགག་སྒོའི་རྣམ་གྲངས་ལ་མ་དངུལ་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་10.62བཏང་ནས་སྲུང་སྐར་ཕྱོགས་སྟོན་དང་། 5Gལག་རྩལ། རིག་ནུས་ཁྲིད་སྟོན་གྱི་སྐྱེལ་འདྲེན་རླངས་འཁོར་དང་དེ་བཞིན་རང་འགུལ་ཅན་གྱི་འདེགས་སྒྲིག་སྒྲིག་ཆས་ཆེ་གྲས་བཅས་ལ་བརྟེན་ནས་རིག་ནུས་ཞིབ་བཤེར་མ་ལག་དང་རིག་ལྡན་བཀོད་འདོམས་བཀོད་གཏོང་ལས་སྟེགས་དང་ཟུང་འབྲེལ་བྱས་ནས་རིག་ནུས་ཅན་གྱི་ལས་སྒྲུབ་དང་ཉིན་མཚན་དབྱེར་མེད་ཀྱི་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་རེད།

    མིག་སྔར་རིག་ལྡན་འགག་སྒོའི་ཀྲུང་གོ་ཕྱོགས་ཀྱི་རྣམ་གྲངས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་སྒྲིག་ཆས་མ་ལག་ཁག་མཉམ་འབྲེལ་བཀོད་གཏོང་དང་ཚོད་ལྟའི་དུས་མཚམས་སུ་བདེ་བླག་ངང་སླེབས་ནས་ཀྲུང་གོ་ཕྱོགས་ཀྱི་དུམ་བུ་ལོ་འདིའི་ནང་ཚོད་ལྟའི་འཁོར་རྒྱུག་བྱ་རྒྱུ་རེད། ལེང་པའོ་མིང་གིས། རིག་ལྡན་འགག་སྒོའི་རྣམ་གྲངས་བསྐྲུན་རྗེས“གསུམ་འཕྲི་གཅིག་གཅོག་གཅིག་སྤོར”(ལག་འཁྱེར་དང་། ལྷུ་ཚིགས། མི་ཐབས་བཅས་ཉུང་འཕྲི་དང་། འགག་སྒྲོལ་མ་གནས་གཅོག་པ། འགག་སྒྲོལ་ལས་ཕྱོད་ཆེ་རུ་གཏོང་བ)དང“ཆུ་ཚོད་24བྱས་པ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    “ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ལམ་སྲོལ་འབྲེལ་མཐུད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ”

    ན་ནིང་ཟླ་10པར། ནན་ཉིང་འགག་སྒོ་ལས་ཁུངས་དང་ཝེ་ཐེ་ནམ་ཀོང་ཉིང་དང་། ལིའང་ཧྲན། ཀའོ་ཕིང་བཅས་ཞིང་ཆེན་གསུམ་གྱི་འགག་སྒོ་ཅུས་ཀྱིས་ཀོང་ཤིས་ལིའུ་ཀྲོའུ་རུ་ཀྲུང་ཝེ“རྒྱལ་ཁབ་གཉིས་དང་ཕྱོགས་བཞི་ཡི”འགག་སྒོའི་གྲོས་མོལ་ཐེངས་བཅུ་པ་བྱས་པ་དང་འབྲེལ། ཟིན་བྲིས་གནད་བསྡུས་ལ་མིང་རྟགས་བཀོད་དེ། ཀྲུང་ཝེའི་མཐའ་མཚམས་འགག་སྒོའི་མཉམ་ལས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། རིག་ལྡན་འགག་སྒོ་འཛུགས་སྐྲུན་དང་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ། འགག་སྒོའི་དོ་དམ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་དོན་ལ་ངོས་འཛིན་གཅིག་མཐུན་མང་པོ་བྱུང་ནས། ཀྲུང་ཝེའི་རིག་ལྡན་འགག་སྒོ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད།

    “ཀྲུང་ཝེའི་མཛའ་གྲོགས་འགག་སྒོ——མཛའ་གྲོགས་ཟོག་འདྲེན་བགྲོད་ལམ་གྱི་རིག་ལྡན་འགག་སྒོའི་རྣམ་གྲངས་དེ་ཀྲུང་ཝེའི་འགག་སྒོ་སྒྲོལ་བའི་ནུས་པ་དང་ལས་ཕྱོད་ཆེ་རུ་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་མཉམ་ལས་འཕེལ་རྒྱས་ཆེ་རུ་གཏོང་བའི་གསར་གཏོད་བྱ་ཐབས་ཤིག་ཡིན་པ་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁུལ་ཁོངས་ཀྱི་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པའང་ཐོན་རྒྱུ་རེད” ཝེ་ཀྲའོ་ཧུའེ་ཡིས། “ང་ཚོས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ལམ་སྲོལ་འབྲེལ་མཐུད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་ཝེའི་རིག་ལྡན་འགག་སྒོ་སྦྲེལ་མཐུད་གང་མགྱོགས་ཐུབ་པ་དང་། འཆར་འགོད་བྱེད་ནུས་དངོས་འབྲེལ་དོན་ཐོག་ཏུ་མགྱོགས་མྱུར་འཁྱོལ་བར་བྱས་ནས། རང་འགུལ་ཅན་དང་། རིག་ལྡན་ཅན། རིག་ནུས་ཅན་བཅས་ཀྱི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།