གཞི་རིམ་དུ་ལང་ཚོའི་མེ་ཏོག་རབ་ཏུ་བཞད་པ།
—— ཀན་སུའུ་ཡིས་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་རམ་འདེགས་བྱས་པ།
“ང་ཆུང་དུས་གྲོང་གསེབ་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཡུལ་དུ་ལོག་ནས་གྲོང་གསབ་དར་རྒྱས་ཆེད་རང་གི་སྟོབས་ཤུགས་འབུལ་འདོད”2024ལོའི་དབྱར་ཁར་བྱང་ཕྱོགས་མི་རིགས་སློབ་ཆེན་སྐྱེ་དངོས་ལག་རྩལ་ཆེད་ལས་ནས་ཐོན་པའི་ཀྲང་ཐའོ་ཡིས་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་ལོག་རྒྱུའི་སེམས་ཐག་བཅད། ཕྱིར་ལོག་རྗེས་ཀྱི་ལོ་ཕྱེད་ལྷག་ཙམ་རིང་ཀྲང་ཐའོ་ཡིས་དཔའ་རིས་རྫོང་ཟུང་ཤན་གྲོང་རྡལ་མི་དམངས་སྲིད་གཞུང་དུ་ཞིང་ལས་རོགས་སྐྱོར་གྱི་ལས་ལ་གཞོལ་ཡོད་ཅིང་། ཉིན་ལྟར་གྲོང་གསེབ་ཏུ་བསྐྱོད་ནས་གྲོང་མི་ཚོའི་བསམ་ཚུལ་ཉན་པ་རེད།
“གཞི་རིམ་ནས་རང་ཉིད་ལ་སྦྱོང་བརྡར་ཡག་པོ་ཐེབས་ཀྱི་འདུག ལྷག་པར་དུ་ཡུལ་མི་ཚོའི་གནད་དོན་སེལ་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་ཀྲང་ཐའོ་ཡིས་བཤད་པ་དང་། ཐེངས་ཤིག་ཁོང་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ་དང་མཉམ་དུ་དུད་ཚང་དུ་འདྲི་རྟོག་ལ་སྐྱོད་སྐབས་གསོ་ཚགས་ཞིང་དུད་ཅིག་གི་ལུག་ཐུག་ཅིག་ས་ལ་འགྱེལ་བ་དང་གཟན་ཆས་ཏོག་ཙམ་ཡང་མི་ཟ་བ་རེད། དེ་ནས་ཁོང་གིས་ཞིང་ལས་རིག་པའི་ཆེད་ལས་ཤེས་བྱ་སྤྱད་དེ་ས་གནས་དེ་གའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལྟེ་གནས་ཀྱི་ལས་དོན་རུ་མིར་རམ་འདེགས་བྱས་ནས་ལུག་ཐུག་ལ་འགོས་ནད་ཕོག་ཡོད་མེད་བརྟག་དཔྱད་བྱས་པ་དང་། འགོས་ནད་ཕོག་པ་ཤེས་རྗེས་འཕྲལ་མར་གསོ་ཚགས་ཁང་ལ་དུག་སེལ་དང་ལོགས་སུ་བཀར་བའི་བྱ་ཐབས་སྤྱད་པ་མ་ཟད། ཞིང་པ་རྣམས་སྨན་ཁང་དུ་ཕྱིན་ནས་ལུས་པོར་བརྟག་དཔྱད་བྱེད་དགོས་པའི་ཁ་ཏ་ཡང་བྱས་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
གནས་ཚུལ་རྒྱུས་ལོན་ཡག་པོ་ཐུབ་ཆེད། ཀྲང་ཐའོ་ཡིས་ལས་ཀ་བྱེད་རིང་ཧ་མ་གོ་བའི་རིགས་དུས་ཐོག་ཏུ་ཟིན་ཐོར་བཀོད་དེ་ཁོམ་པ་ཡོད་དུས་སློབ་སྦྱོང་བྱེད་ཀྱི་ཡོད། ད་ལྟ་ཁོང་གིས་གཞི་རིམ་གྱི་དོན་དག་བྱང་ཆུབ་པོའི་ངང་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།
ཀན་སུའུ་ནི་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་གནས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དང་ཁེ་ལས་སུ་ལས་ཞུགས་བྱེད་པར་སྐུལ་མ་གཏོང་ཆེད། ཀན་སུའུ་ཞིང་ཆེན་གྱིས་ལོ་མང་བསྟུད་མར“ལས་ཞུགས་མ་ཐུབ་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་གཅིག་གཞི་རིམ་དུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར”གྱི་དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”དང“དམིགས་བསལ་གྱི་དགེ་རྒན་ལས་གནས” “ནུབ་རྒྱུད་འཆར་གཞི”སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་སྤྱི་འདོམས་ངང་ལག་བསྟར་བྱས་ཏེ། ཁེ་ལས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་མཐོ་སློབ་སློབ་ཐོན་སློབ་མའི་ཤེས་ལྡན་པའི་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྣན་ཡོད།
ཀན་སུའུ་ཞིང་ཆེན་མི་སྤྱི་ཐིང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་པིན་གྱིས་འདི་ལོར་ཀན་སུའུ་ཡིས་གཞི་རིམ་ལས་ཞུགས་རྣམ་གྲངས་སྣ་ཚོགས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་རྒྱུ་མ་ཟད། ལས་ཞུགས་ལྟ་སྦྱོང་སྲིད་ཇུས་དང“མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་གཅིག་གཞི་རིམ་དུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར”གྱི་དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་དང་སྦྲེལ་མཐུད་ནུས་ལྡན་ཡོང་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལྟ་སྦྱོང་ལག་ལེན་དེ་ལས་ཞུགས་བརྟན་པོ་དང་བདེ་བླག་ཡོང་བའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ནས“ལས་ཆུང་ཕན་ཆེའི”སྲིད་ཇུས་ཀྱི་མཉམ་འདུས་གཏིང་ཤུགས་འཕེལ་བ་བྱ་རྒྱུ་ཡིན་ཞེས་བཤད།
ལོ་24ལ་སླེབས་པའི་ཀྲང་ཧུའུ་ནི་ལན་ཀྲོའུ་བཟོ་ཚོང་སློབ་གླིང་ནས་ཐོན་ཞིང་། ན་ནིང་གི་ཟླ་9པར“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་བརྒྱུད་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཁྲེང་རྫོང་ཧྲ་པ་གྲོང་རྡལ་མི་དམངས་སྲིད་གཞུང་དུ་ལས་ཀར་ཞུགས།
“ཟླ་3ཚེས་29ཉིན། གནམ་དྭངས། དེ་རིང་གི་བརྗོད་དོན་གཙོ་བོ་ནི‘སེམས་པ་དྲོ་སོབ་སོབ་ཀྱི་ཟ་མ་ཕོར་པ་གང’ཡིན། དེ་རིང་ངས་གྲོང་ཚོའི་ནང་གི་བུ་མོ་ཆུང་ཆུང་ཞིག་གི་ཕ་མ་གཉིས་རིང་མིན་གོང་གློ་བུར་དུ་ཚེ་ལས་འདས་པ་ཤེས་བྱུང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་རྗེས་ངས་བུ་མོ་ཆུང་ཆུང་དེར་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་རེ་ཞུ་བྱེད་རོགས་བྱས་པ་ཡིན། ཁོང་ཚོའི་ཁྱིམ་ནས་ཁ་འབྲལ་སྐབས་བུ་མོ་ཆུང་ཆུང་དེའི་ནང་མིས་ཚ་སོབ་སོབ་ཀྱི་ཐུག་པ་ཕོར་པ་གང་ང་ལ་སྤྲོད་བཞིན་ཐུགས་རྗེ་ཆེ་ཞུས་བྱུང་། སྐད་ཅིག་མ་དེར་ངའི་ལུས་སེམས་ཡོངས་དྲོ་སོབ་སོབ་ཏུ་གྱུར”ཞེས་མཚན་མོར་ཉལ་ཁང་དུ་སླེབས་རྗེས་ཀྲང་ཧུའུ་ཡིས་ཉིན་དེའི་གཞི་རིམ་གྱི་གནས་ཚུལ་ཟིན་ཐོར་བཀོད།
སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་ཆབས་ཅིག་ཀན་སུའུ་ཡིས་ད་དུང་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔེ་མཚོན་སྣེ་ཁྲིད་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་ཐོན་སློབ་མ་དེ་བས་མང་བས་ནུབ་རྒྱུད་ཀྱི་གཞི་རིམ་དུ་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱས་ཡོད། ནུབ་བྱང་དགེ་འོས་སློབ་ཆེན་དང་། ཧོ་ཤིས་སློབ་གླིང་། ལན་ཀྲོའུ་ཐོན་ཁུངས་ཁོར་ཡུག་ལས་རིགས་ལག་རྩལ་སློབ་ཆེན་སོགས་མཐོ་སློབ་ཚང་མས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོར་ཞབས་འདེགས་ཞུ་རྒྱུ་ཁྲིད་སྟོན་དུ་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་ཐོན་སློབ་མ་གཞི་རིམ་དུ་རྩ་བ་ཚུགས་པ་དང་། ཀན་སུའུ་ལ་ལེགས་སྐྱེས་འབུལ་བ། ནུབ་རྒྱུད་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱས་ཡོད།
ཀན་སུའུ་ཞིང་ཆེན་མི་སྤྱི་ཐིང་གིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2006ལོ་ནས་2024ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་ཀན་སུའུ་ཞིང་ཆེན་གྱི་མཐོ་སློབ་སློབ་ཐོན་སློབ་མ་བསྡོམས་ཁྲི་19“ལས་ཞུགས་མ་ཐུབ་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་གཅིག་གཞི་རིམ་དུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར”གྱི་དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་དང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་བརྒྱུད་གཞི་རིམ་དུ་བསྐྱོད་ཡོད་པ་དང་ཞབས་ཞུའི་དུས་ཡུན་ཐིམ་རྗེས་བཅུ་ཆ་བདུན་ཡན་གྱིས་གཞི་རིམ་དུ་སྡོད་པའི་གདམ་ག་བྱས་ཡོད།
གཞོན་སོ་དཀར་དུས་སུ་མ་བརྩོན་ན། རྒས་གཉེར་མས་ཁེངས་དུས་འགྱོད་ཀྱང་ཕྱིས། “མི་གཞན་པའི་ངོས་ནས་བརྗོད་ན་གཞི་རིམ་ནི་ཧ་ཅང་དཀའ་ཚགས་ཆེ་བ་ཞིག་རེད། ངས་བལྟས་ན་དེ་འདྲ་མ་རེད། ང་ཚོ་ད་དུང་ལོ་ན་གཞོན་པས་གཞི་རིམ་དུ་སྦྱོང་བརྡར་མང་པོ་བྱེད་དགོས་འདུག ད་ཆ་ཉིན་གཅིག་གི་ལས་ཀའི་ཁྲོད་ནས་ངར་ཉམས་མྱོང་མང་པོ་ཞིག་ཐོབ་ཀྱི་འདུག་ལ་རང་ཉིད་ཀྱི་རིན་ཐང་ཡང་མངོན་ཐུབ། ངས་གཞི་རིམ་དུ་འབད་བརྩོན་ལྷུར་ལེན་བྱས་ཏེ་རང་ནུས་ཅི་ལྕོགས་ཀྱིས་གྲོང་གསེབ་དར་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད”ཅེས་ཀྲང་ཧུའུ་ཡིས་བརྗོད།