བོད་ཀྱི་རིག་ལྡན་ཁྲོམ་རའི་ལྟ་འདོམས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ཟིན་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་9པར་སྐྲུན་འགོ་ཚུགས་པའི་བོད་ཀྱི་རིག་ལྡན་ཁྲོམ་རའི་ལྟ་འདོམས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་མིག་སྔར་རགས་ཙམ་བསྐྲུན་ཟིན་ནས་ལྗོངས་ཡོངས་སུ་ཚོད་ལྟའི་ངང་སྤྱོད་བཞིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་འགན་གཙང་འགན་ལེན་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་བོད་ཀྱི་རིག་ལྡན་ཁྲོམ་རའི་ལྟ་འདོམས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ནི་བོད་ཀྱི་ཁྲོམ་ར་ལྟ་འདོམས་བྱ་གཞག་ཆ་འཕྲིན་ཅན་ནས་རིག་ནུས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། རྣམ་གྲངས་འདིར་ཁྱོན་མ་ལག་ཆ་ཚང་10རིམ་སྤོར་དང་མ་ལག་ཆ་ཚང་147གསར་དུ་བསྐྲུན་ནས། ཟོག་འབྲེལ་དྲ་རྒྱ་དང་། སྤྲིན་རྩིས། གྲངས་གཞི་ཆེན་པོ། མིས་བཟོས་རིག་ནུས་དང་ཚན་ཚན་ཕྲེང་འབྲེལ་སོགས་གསར་དར་གྲངས་འཛིན་ལག་རྩལ་གང་ལེགས་སྤྱད་ནས། ཚོང་གཉེར་ཁོར་ཡུག་དང་། སྲིད་དོན་ཞབས་ཞུ། ཁེ་ལས་ལ་ཕན་པའི་ཞབས་ཞུ། དམངས་ཕན་ཞབས་ཞུ་སོགས་ཀྱི་རིགས་15བསྐྲུན་པ་དང་། གཞུང་དོན་མཐུན་སྦྱོར་དྲ་ཚིགས་དང་སྤྱི་པའི་ཞབས་ཞུའི་དྲ་ཚིགས་བཙུགས་པ། གཅིག་གྱུར་གྱི་གྲངས་འཛིན་ལས་སྟེགས་དང་གཅིག་གྱུར་གྱི་ལས་སྒོའི་ལས་སྟེཌ་བཏོད་པ། ས་གནས་ས་ཐོག་མིན་པའི་ཚོར་མེད་ལྟ་འདོམས་དང་། སྒུལ་བདེའི་ཁྲིམས་སྒྱུར། ལག་ཐོགས་ཁ་པར་གྱི་ལྟ་འདོམས་སོགས་མངོན་གསལ་དོད་པའི་ནུས་པ་གསར་གཏོད་བྱས་པ། “ལས་སྟེགས་ཆེན་པོས་འདེགས་སྐྱོར་དང་། གྲངས་གཞི་ཆེན་པོས་བློ་རིག་བཅོས་སྐྱོང་། མ་ལག་ཆེན་པོས་མཉམ་འདྲེས། ཞབས་ཞུ་ཆེན་པོས་དམངས་ཕན། ལྟ་འདོམས་ཆེན་པོས་མཉམ་བཅོས”བཅས་ཀྱི་བོད་ཀྱི་ཁྲོམ་ར་ལྟ་འདོམས་ཆ་འཕྲིན་ཅན་གྱི་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་ལ་ནུས་ཆེའི་བོད་ཀྱི་ཁྲོམ་ར་ལྟ་འདོམས་དང་ཞབས་ཞུའི་མ་ལག་འཛུགས་རྒྱུར་རམ་འདེགས་བྱས་ཡོད།