“བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”གཞིས་རྩེར་འཚོག་འགོ་ཚུགས་པ།
ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི“བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོའི”འགོ་ཚུགས་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད།
ཨན་ཀང་ཚོགས་པ་གཏེར་ལས་ཀུང་སིའི་ཆི་ཏ་ཧྲན་ལྕགས་གཏེར་ཐོན་སྐྱེད་ལག་རྩལ་ཁང་གི་གཞུང་ལམ་དོ་དམ་ལས་སྒོའི་གཙོ་གཉེར་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་འགན་གཅིག་ལྕོགས་ཀྲུའུ་ཞི་གཞོན་པ་ཀུའོ་མིང་དབྱིས་སྒྲོག་འགྲེལ་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་མིང་དབྱིན་གྱིས་ཤིས་ཚིག་སྒྲོན་པ་དང་འབྲེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
ཐང་མིང་དབྱིན་གྱིས་ཤིས་ཚིག་སྒྲོན་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ཆབ་སྲིད་ཀྱི་བློ་སྦྱོང་དང་། མཐུན་སྒྲིལ་སྟོབས་ཤུགས་གཅིག་སྒྲིལ། ལག་ལེན་ལ་བརྟེན་ནས་མི་སྐྱོང་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། གོང་འོག་མཉམ་འགུལ་དང་གཡས་གཡོན་མཐུན་སྦྱོར་གྱི་ལས་ཀའི་རྣམ་པ་གཏོད་དེ“བོད་ཀྱི་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ”རྒྱུན་མཐུད་རྒྱ་ཆེ་གཏིང་ཟབ་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཚོགས་པའི་ཁོངས་མིས་ངལ་རྩོལ་དཔེ་བཟང་བའི་གཏམ་རྒྱུད་དང་། བཟོ་བོའི་གཏམ་རྒྱུད། བོད་ཀྱི་གཏམ་རྒྱུད་བཅས་ཡག་པོ་བརྗོད་དེ“ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་གཏོད་པའི”རིན་ཐང་གི་འདུ་ཤེས་རེག་ཐུབ་པ་དང་། ཚོར་ཐུབ་པ། ཁྱབ་ཐུབ་པ་བཅས་བྱེད་དགོས་ཞེས་བཤད་པ་རེད།