ནག་ཆུ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས“བདེ་སྐྱིད་ལྡན་པའི་ནག་ཆུ། ཁེ་གོང་འཚོ་བ་ལོངས་སྤྱོད”ཅེས་པའི་ཟླ་4པའི་བྲིན་ཐབས་བྱེད་པའི་བྱེད་སྒོ་སྤེལ་བར་རྗོང་དང་ཆུས་11གི་ཚོང་དུད་50ལྷག་ཙམ་ཞུགས་ཤིང་། དེའི་ནང་དཔེ་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། སྣུམ་སྣོན། གསོལ་མགྲོན་ཁང་། སྨན་རྫས་དང་སྨན་བཅོས། འབྲུ་སྣུམ་སོགས་ཀྱི་འཛད་སྤྱོད་ཁྱབ་ཁོངས་མང་དག་ཅིག་ཚུད་ཡོད།
ད་ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱི་དངུལ་ཁང་སྒྲིག་གཞི་ཁག་གིས་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནས་འགོ་བརྩམས་ཏེ། རྒྱུན་ཆད་མེད་པར་རྙིང་འབུད་གསར་འདོན་དང་དངུལ་རྩའི་ཞབས་ཞུའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་ཀྱིས་དངུལ་རྩའི་འཛད་སྤྱོད་དང་ཞབས་ཞུའི་ཁོར་ཡུག་ཕྱོགས་གང་ས་ཅི་ཐད་ནས་ལེགས་སུ་བཏང་བ་དང་། སྣ་མང་ཅན་གྱི་འཛད་སྤྱོད་དངུལ་གཅོག་དང་ཁེ་སྤྲོད་བྲིན་ཐབས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ནག་ཆུའི་འཛད་སྤྱོད་ཀྱི་གཏིང་ཤུགས་གསར་པ་སྔོག་འདོན་དང་མངོན་པར་བྱས་པ་རེད།
གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་སྲིད་གཞུང་སྡེ་ཚན་དང་འབྲེལ་མཐུད་མཉམ་ལས་ཀྱི་བྱེད་སྒོ་སྤེལ་ཏེ“བདེ་སྐྱིད་ལྡན་པའི་ནག་ཆུ། ཁེ་གོང་འཚོ་བ་ལོངས་སྤྱོད”ཅེས་པའི་བྲིན་ཐབས་བྱེད་པའི་བྱེད་སྒོའི་སྒྲུབ་འགན་ཁུར་ནས་གཉེར་ཡོད། མིག་སྔའི་བར། སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་བྱེད་སྒོ་ཐེངས་5བདེ་བླག་ངང་སྤེལ་བར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་151.17བཏང་བ་དང་རིམ་རྩིས་བརྒྱབ་ན་འཛད་སྤྱོད་འཛིན་ཤོག་ཁྲི་1.29སྤྲད་ནས་སྒོར་ཁྲི་474.01འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཡོད་པ་རེད།