མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་འགྲོ་ལམ་ལེགས་གཏོང་ལས་གྲྭ་སྐྲུན་འགོ་ཚུགས་པ།
གྲོང་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བཀོད་པ་ལེགས་སུ་གཏོང་བ་དང་། འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བ། གྲོང་མི་འགྲོ་སྐྱོད་སྟབས་བདེ་ཡོང་བ་བཅས་བྱ་ཆེད། ཉིན་ཤས་བསྟུད་མར། མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་འགྲོ་ལམ་ལེགས་གཏོང་ལས་གྲྭའི་རྣམ་གྲངས་གལ་ཆེན་མང་དག་ཅིག་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་ཡོད།
སྐྲུན་བཞིན་པའི་བདེ་སྐྱིད་ལམ་ནས་གླང་ཆེན་ཁ་འབབ་ལམ་བར་གྱི་ཟམ་པ་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་1.3བཏང་བ་དང་ཕྱོགས་གཉིས་ལ་འཁོར་ལམ་བཞི་ཇུས་འགོད་བྱས་ཡོད། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་འགྲོ་སྐྱོད་ལ་དུས་ཚོད་སྐར་མ་15ལས་མི་དགོས་པས་ངོགས་གཉིས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཤུགས་ཆེན་འགྲོ་རྒྱུ་མ་ཟད། གྲོང་མིར་དེ་བས་སྟབས་བདེ་བའི་འགྲོ་སྐྱོད་ཁོར་ཡུག་བསྐྲུན་ཐུབ་རྒྱུ་རེད། མིག་སྔར་ལས་གྲྭ་དེར་སྐབས་འཕྲལ་འཛུགས་སྐྲུན་དང་། ལྗོན་ཤིང་སྤོ་འཛུགས། གློག་ཆུང་གཞན་ཁྲིད་བཅས་ཀྱི་མཚམས་སུ་སླེབས་པ་དང་སྔོན་དཔག་བྱས་ན་ད་ལོའི་ཟླ་10པའི་ཟླ་མཇུག་ཏུ་ཟམ་པའི་སྒྲོམ་གཞི་གཙོ་བོ་དང་དེ་བཞིན་གཙང་འགྲམ་བྱང་ལམ་གྱི་འགྲོ་ལམ་ལས་གྲྭ་ལེགས་གྲུབ་ཟིན་རྒྱུ་རེད།
“མིག་སྔར་མི་60ལྷག་ཙམ་ཨར་ལས་ནང་ཞུགས་ཡོད་པ་དང་ཚང་མས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལས་ཡུན་དམ་འཛིན་གྱིས་2026ལོའི་ཟླ་10ཚེས་30ཉིན་ལས་གྲྭ་དུས་བཀག་ལྟར་ལེགས་གྲུབ་ཡོང་བར་གཞོལ་བཞིན་ཡོད”ཅེས་མངའ་རིས་ས་ཁུལ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གནད་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཤིན་ཡེ་ཡིས་བཤད།
དེ་དང་ཆབས་ཅིག སེང་གེ་ཁ་འབབ་གྲོང་རྡལ་ཁུ་ནུ་ལམ་ཆེན་སྣུར་སྲིང་འཛུགས་སྐྲུན་རྣམ་གྲངས་དང་སེང་གེ་ཁ་འབབ་གྲོང་རྡལ་ཨན་ཧྲིང་ལམ་ལེགས་གཏོང་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱང་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད།