གཞིས་རྩེ་གྲོང་ཁྱེར་གྱི་ཐོན་རྫས་གཉིས་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ལ་ངོས་འཛིན་གཏན་འཁེལ་བྱས་པ།
གྲོང་ཁྱེར་ཡོངས་སུ་མིག་སྔར་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་5ཡོད་པ།
འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱི་སྤྱི་བསྒྲགས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི“གྲོ་མོའི་ཉ”དང“ཕག་རིའི་འབྲི་གཡག”རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ལ་གྲུབ་འབྲས་ཐོབ་པའི་ངང་ངོས་འཛིན་གཏན་འཁེལ་བྱས་པ་རེད། མིག་སྔར། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་ཁྱོན་5(“གམ་པའི་ལུག”དང“གྲོ་མོའི་མོག་རོ” “ཨེ་མའི་ཞོག་ཁོག” “གྲོ་མོའི་ཉ” “ཕག་རིའི་འབྲི་གཡག”)བཅས་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམ་པོར་དམིགས་ནས་ཤེས་རིག་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་བྱེད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྤུས་རྟགས་དྲིལ་བསྒྲགས་མཐའ་འཁྱོངས་བྱས་ཏེ་རྫོང(ཆུས)གི་སྡེ་ཚན་མཐུན་སྦྱོར་མཉམ་འགུལ་གྱིས་ཤེས་རིག་བདག་དབང“སྡེ་ཁུལ་དང་། ཁེ་ལས། སློབ་གྲྭ ཏང་གི་སློབ་གྲྭ”སོགས་སུ་དྲིལ་བསྒྲགས་ཀྱི་བྱེད་སྒོར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཤེས་རིག་བདག་དབང་གི་ཤེས་བྱ་ཁྱབ་གདལ་དང་ཤེས་རིག་བདག་དབང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཁེ་ལས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས་དང་།
ཀྲུང་གོའི་སྤུས་རྟགས་ཉིན་མོ། ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་དང་སྤུས་རྟགས་དུས་ཆེན་སོགས་འགྲེམས་ཚོགས་སྣ་ཚོགས་ལ་ཞུགས་ཏེ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ངོ་སྤྲོད་གཏིང་ཟབ་བྱས་ཡོད།
གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་གྱིས་ཤེས་རིག་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ཁྱབ་ཁོངས་ཁག་གི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། གཙོ་གནད་ཚོང་རྟགས་དང་། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས། ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྐྱེད་བསྲིང་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ། ཆོག་མཆན་ཐོབ་པའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་ཁྱབ་སྤེལ་བེད་སྤྱོད་ཡག་པོ་བྱས་ཏེ། ཤེས་རིག་བདག་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།