དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ད་ལོའི་ཟླ་2པའི་བར་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་369དང་དངོས་ཟོག་ཏུན་ཁྲི་113.78ལྷག་ཙམ་སྐྱེལ་འདྲེན་བྱས་པ།

    འཛམ་གླིང་ཡང་རྩེར་གཉེར་སྐྱོང་བྱེད་པའི“འཕེལ་རྒྱས་ཀྱི་སྒུལ་ཤུགས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-12

    འདི་ནི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལྷ་ཉིང་ལྕགས་ལམ་དུ་སྐྱོད་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སི་དང་མཉམ་དུ“མྱུར་བགྲོད་མེ་འཁོར་ལ་བསྡད་ནས་ཀྲུང་གོར་ལྟ། བོད་ཁྱིམ་གྱི་ཁམ་བུའི་མེ་ཏོག་གི་སྐྱེད་ཚལ་འཚོལ”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ནས་ས་ཡུལ་དངོས་སུ་ལྷ་ཉིང་ལྕགས་ལམ་གྱིས་གངས་ལྗོངས་ས་མཐོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཇི་ལྟར་སྦྱིན་ལུགས་བཅར་འདྲི་བྱས་པ་རེད།

    “རྨང་གཞིའི་འཛུགས་སྐྲུན་གྱི་དཀའ་ཚེཌ་ཁུལ”ལས་རྣམ་པར་རྒྱལ་བ།

    ལྷ་ཉིང་ལྕགས་ལམ་ནི་མཚོ་བོད་ས་མཐོའི་གངས་ཏི་སེ་དང་རི་བོ་ཧི་མ་ལ་ཡའི་དབར་གྱི་བོད་ཀྱི་ཤར་ལྷོའི་ལུང་གཞུང་དུ་ཡོད་ཅིང་། ས་དབྱིབས་སྒང་གཤོངས་མི་སྙོམས་པ་དང་ལམ་ཐིག་90%ཡན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡན་ཟིན་པ་མ་ཟད། བྲག་གས་ཤུགས་ཆེ་བ་དང་། རླུང་གསེག་བྱེ་ཕུང་། ས་དྲོད་མཐོ་བ། འཁྱགས་ཤུལ་ས་རིམ་སོགས་རྙོག་འཛིང་ཆེ་བའི་ས་གཤིས་གནོད་འཚེ་གཅིག་སྡུད་བྱས་ཡོད་པ་དང་། ཨར་སྐྲུན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པར་བརྟེན“རྨང་གཞིའི་འཛུགས་སྐྲུན་གྱི་དཀའ་ཚེགས་ཁུལ”ཞེས་ཟེར་སྲོལ་ཡོད།

    ཨར་སྐྲུན་གྱི་ཆ་རྐྱེན་ཛ་དྲག་པའི་མདུན་དུ་ལྕགས་ལམ་ལས་བཟོ་བ་ཚོས“རི་ཐུག་དུས་ལམ་བཟོ་བ་དང་ཆུ་ཐུག་དུས་ཟམ་པ་རྒྱག་པའི”ལས་ལ་གཞོལ་ནས་བདེ་ལམ་ཞིག་བཟོས་པ་རེད།

    ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ཕུག་ལམ་47བསྐྲུན་པར་སྤྱིའི་རིང་ཚད་སྤྱི་ལེ་216.5ཡོད་པ་དེས་ལམ་ཐིག་ཧྲིལ་པོའི་རིང་ཚད་ཀྱི་54%བཟུང་ཡོད། བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སི་སྐྱེལ་འདྲེན་པུའི་ཀྲུའུ་རེན་ཡན་ཅུན་གྱིས“སྐབས་དེར་ལྕགས་ལམ་སྤྱི་ལེ་རེའི་རྒྱབ་ཏུ་ས་གཤིས་རྩད་ཞིབ་སྙན་ཞུ་2000ཕུལ་ཡོད། ཡོམ་ཕྲན་ལྟ་ཞིབ་ཚད་ལེན་ལག་རྩལ་གྱིས་བྲག་གས་སྔོན་ཚུད་ཉེན་བརྡའི་ཞིབ་ཚད་ལི་སྨི་རིམ་པའི་བར་མཐོ་རུ་བཏང་ཡོད”ཅེས་ཕྱིར་དྲན་བྱས་ནས་བརྗོད།

    ཡན་ཅུན་གྱིས“ལྕགས་ལམ་འདིར་ལག་རྩལ་གྱི་ཚད་བརྒལ་བྱུང་སྟེ་རང་རྒྱལ་གྱི་ས་མཐོའི་ལྕགས་ལམ་བཟོ་སྐྲུན་ལག་རྩལ་དེ‘རྗེས་སུ་འབྲང་བ’ནས‘སྣེ་འདྲེན’གྱི་ཕྱོགས་སུ་མཆོང་སྐྱོད་བྱུང་ཡོད”ཅེས་བཤད།

    འབྲོག་པའི་ཡོང་འབབ་འཕར་བའི“མགྱོགས་གཏོང་ཡོ་ཆས”

    2021ལོའི་ཟླ་6ཚེས་25ཉིན། ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་31ལ་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཤར་གཏོང་ཐུབ་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་ས་གནས་གསུམ་གྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་སྦྲེལ་མཐུད་བྱུང་བ་མ་ཟད། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་ཀྱི་སྒུལ་ཤུགས་ཆེན་པོར་དེ་བས་ཀྱང་གྱུར་ཡོད།

    ལྷ་ཉིང་ལྕགས་ལམ་ཤར་གཏོང་བྱས་ནས་2025ལོའི་ཟླ་2པའི་བར། འགྲུལ་པ་མི་ཐེངས་ཁྲི་369.22དང་དངོས་ཟོག་ཏུན་ཁྲི་113.78སྐྱེལ་འདྲེན་བྱས་པ་རེད།

    ལྕགས་ལམ་དཔལ་འབྱོར་དེ་ཞིང་འབྲོག་པའི་ཡོང་འབབ་འཕར་བའི“མགྱོགས་གཏོང་ཡོ་ཆས”ལྟ་བུར་འགྱུར་བཞིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྡོ་སྡེང་གྲོང་ཚོས“ཉིང་ཁྲིའི་ཁམ་བུའི་མེ་ཏོག”གི་སྤུས་རྟགས་ཕན་ནུས་ལ་བརྟེན་ནས། ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་མང་དུ་འབོར་ཆེན་སོང་བས་གུར་གྱི་སྒར་ས་དང་། རིག་གནས་བསམ་བཀོད་ཚོང་འདུས། ཞིང་རའི་སྔོག་འཐུ་སོགས་ཀྱི་ལས་རྣམ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། “ལྕགས་ལམ་དང་ཡུལ་སྐོར་ཟུང་འབྲེལ”གྱི་བྱེད་ཐབས་ལས་རྡོ་སྡེང་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    ཉིང་ཁྲིའི་དོས་ར་ནི་བྲག་ཡིབ་ཆུས་བུ་ཆུ་ཤང་དུ་གནས་ཤིང་། 2021ལོར་དོས་རའི་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་ཁ་ཤས་ལས་མེད། 2022ལོར་ཏུན་ཁྲི་10ལས་བརྒལ་བ་དང་། 2023ལོར་ཏུན་ཁྲི་20ལས་ཚད་བརྒལ་བྱུང་བ། 2024ལོར་ཏུན་ཁྲི་30ལས་ཚད་བརྒལ་བྱུང་བ་སོགས་དངོས་ཟོག་འདྲེན་ཚད་ལྡབ་འགྱུར་འཕར་བ་ལས་བོད་ཀྱི་ཤར་ལྷོའི་ས་ཁུལ་གྱི་དཔལ་འབྱོར་གསོན་ཤུགས་རྒྱུན་མཐུད་འཕེལ་བ་མངོན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་ཨར་འདམ་བཟོ་གྲྭ་དང་། གློག་དྲ། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་འབྲིང་སོགས་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་པ་དང་བསྟུན། ཉིང་ཁྲིའི་དོས་ར་ཡང་ཉིང་ཁྲིའི་རྫོང་དང་ཆུས་བདུན་ལ་ཁྱབ་པའི་ཟོག་འགྲེམས་དྲ་རྒྱ་ཆགས་ཡོད། དོས་ར་བཙུགས་རྗེས་ལས་གནས་100ལྷག་ཙམ་ཐག་གཅོད་ཐུབ་པ་དང་ལས་བཟོ་བཅུ་ཆ་དགུ་ཙམ་ས་ཆ་དེ་རང་ནས་ཡིན་པ་རེད།

    དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི“རེ་བའི་ལྕགས་ལམ”

    ལྕགས་ལམ་ལས་འགྱུར་ལྡོག་བྱུང་བ་ནི་མང་ཚོགས་ཀྱི་འགྲོ་སྐྱོད་བྱེད་སྟངས་ཙམ་མིན་པར་ད་དུང་ཞིང་ལས་ཁྱད་ལྡན་ཐོན་ཟོག་གི་སྐྱེལ་འདྲེན་བྱེད་སྟངས་ཀྱང་རེད། མྱུར་བགྲོད་ལྕགས་ལམ་གྱི་གྲང་ཕྲེང་ཆེད་གཏོང་མེ་འཁོར་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ལྕགས་ལམ་བརྒྱུད་ས་མཐོ་ནས་ཡུལ་གཞན་དུ་འཚོང་ཐུབ་ཅིང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་བོད་བྱ་གསོ་ཚགས་མཉམ་ལས་ཁང་གིས་བོད་བྱའི་སྒོ་ང་ཆུ་ཚོད་48རིང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་ཀྱི་སྒོ་རྩིས་ཚོང་ཁང་དུ་ཐད་ཀར་འཚོང་ཐུབ་པ་དང་། རྒྱ་ཚའི་སྟར་ག“ལྕགས་ལམ་དང་དྲ་ཐོག་ཚོང་དོན་ཟུང་འབྲེལ”གྱི་བྱེད་ཐབས་ནས་རྒྱལ་ཡོངས་སུ་འཚོང་བ། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ནས་ཐོན་པའི་སུར་པན་ཡུལ་ཕྱོགས་གཞན་ལ་འདྲེན་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

    ས་ཚིགས་རེ་རེ་དང་ལམ་ཚད་རེ་རེ་ལས་ཡར་རྒྱས་ཀྱི་ཉམས་བཟང་མངོན་ཞིང་། ལྷ་ཉིང་ལྕགས་ལམ་གྱིས་ལམ་ལྕགས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཤེས་དཔལ་ཟབ་ཚད་མངོན་པ་སྟེ། དེ་ནི་སྤྱི་ལེ་435ཡི་འགྲིམ་འགྲུལ་ལམ་ཐིག་ཙམ་མིན་པར་ལམ་རྒྱུད་མང་ཚོགས་ཁྲི་160དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི“རེ་བའི་ལྕགས་ལམ”ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།