རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།
མ་བུའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་གོང་ཚེས་ཉིན་པེ་ཅིང་དུ་སྤེལ་ཞིང་། ད་ལོའི་རང་རྒྱལ་གྱི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ནི“མ་བུའི་བདེ་ཐང་འགན་སྲུང་བྱེད། མེས་རྒྱལ་གྱི་འབྱུང་འགྱུར་གཅེས་པར་སྐྱོང”ཞེས་པ་དེ་རེད། རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། མ་བུའི་བདེ་ཐང་གི་ལྟེ་བའི་དམིགས་ཚད་གོ་ལ་ཧྲིལ་པོའི་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རང་རྒྱལ་འདི་ཉིད་མ་བུའི་བདེ་ཐང་གི་གྲུབ་འབྲས་ཆེ་བའི་རྒྱལ་ཁབ་10ཡི་གྲས་སུ་བཅུག་ཡོད།
མ་བུའི་བདེ་ཐང་གི་རྩེ་རིམ་ཇུས་འགོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། རང་རྒྱལ་གྱིས་མ་བུའི་བདེ་སྲུང་བཅའ་ཁྲིམས་དང་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་སྔ་རྗེས་སུ་ཁྱབ་བསྒྲགས་ཀྱིས་ལག་བསྟར་བྱས་པ་དང་། དུས་འཁོར་བཞི་བསྟུད་མར་ཀྲུང་གོའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་རྩ་གནད་ལག་བསྟར་བྱས་པ། སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས་བུད་མེད་དང་བྱིས་པའི་བདེ་ཐང་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བཅས་ལས། མ་བུའི་བདེ་ཐང་ཞབས་ཞུའི་དྲང་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
མ་བུའི་བདེ་ཐང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། མ་བུ་བདེ་སྲུང་སྒྲིག་གཞི་ལྟེ་བར་བྱེད་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྨང་གཞིར་བྱེད་པ། སྨན་ཁང་ཆེ་འབྲིང་དང་སློབ་ཁྲིད་ཚན་རིག་ཞིབ་འཇུག་སྒྲིག་གཞི་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་མ་བུའི་བདེ་ཐང་ཞབས་ཞུའི་མ་ལག་གྲུབ་ཡོད། མིག་སྔར་རྒྱལ་ཡོངས་སུ་ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་3491དང་ནད་གཞི་ལྕི་ལ་སྲོག་ཉེན་ཆེ་བའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་3221བསྐྲུན་ཡོད། རྒྱལ་ཡོངས་སུ་ཁྱོན་བསྡོམས་མ་བུ་བདེ་སྲུང་སྒྲིག་གཞི་3081ཡོད་པ་དང་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཁྲི་37.3ཟིན་གྱི་ཡོད།
བུད་མེད་དང་བྱིས་པའི་ནད་གཞི་གཙོ་བོ་འགོག་བཅོས་ཀྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། གཉེན་སྒྲིག་མ་བྱས་གོང་དང་། མངལ་མ་སྦྲུམ་གོང་། མངལ་སྦྲུམ་དུས། ཕྲུ་གུ་དམར་འབྱར་བཅས་མངལ་ཆགས་ཕྲུ་གུའི་གནས་ཚུལ་རྒྱུན་གཏན་མིན་པའི་རིགས་འགོག་བཅོས་ཀྱི་འགག་སྒོ་བཞི་ཡག་པོ་བསྲུངས་པས། མངལ་ཆགས་ཕྲུ་གུའི་གནས་ཚུལ་རྒྱུན་གཏན་མིན་པ་ལས་བྱུང་བའི་ཕྲུ་གུ་དམར་འབྱར་ཤི་ཚད་དང་ལོ་5མན་གྱི་བྱིས་པ་ཤི་ཚད་ལོ་ལྔའི་གོང་དང་བསྡུར་ན་30%ཡན་དམའ་རུ་ཕྱིན་པ་དང་། དབང་རྩའི་སྦུ་གུའི་ཆད་སྐྱོན་དང་ཐང་མིང་པའི་རྟགས་འདུས་སོགས་དབང་པོ་སྐྱོན་ཅན་ཚབས་ཆེ་བའི་མངལ་ཆགས་ཕྲུ་གུའི་གནས་ཚུལ་རྒྱུན་གཏན་མིན་པ་རིགས་ལྔ་འབྱུང་ཚད་21%དམའ་རུ་ཕྱིན་ཡོད།
མ་བུའི་བདེ་ཐང་ཞབས་ཞུ་འདྲ་མཉམ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ཧྲིལ་པོའི་གཞི་རྩའི་སྨན་བཅོས་བདེ་སྲུང་ཞབས་ཞུར་སྐུལ་འདེད་བཏང་བ་དང་མ་བུ་བདེ་འཇགས་ཀྱི་ལམ་ལུགས་ཁག་ལྔ་མུ་མཐུད་ལག་བསྟར་བྱས་པས། རྒྱལ་ཡོངས་སུ་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་99.9%ཡན་རྒྱུན་མཐུད་བརྟན་པོ་བྱུང་བ་མ་ཟད། སྦྲུམ་མར་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱེད་ཚད་དང་། ལོ་3མན་གྱི་བྱིས་པར་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱེད་ཚད། ལོ་7མན་གྱི་བྱིས་པའི་བདེ་ཐང་ལ་སྲུང་སྐྱོང་བྱེད་ཚད་བཅས་ཚང་མ་90%ཡན་ཟིན་ཡོད་པ་རེད།