ཧོ་པེ་སུའུ་ཉིང་རྫོང་གི་རྒན་ཝང་ཤིའུ་དབྱིང་གིས་གཤགས་བཅོས་རྗེས་སུ་རྐུབ་སྟེགས་འཁོར་ལོར་པུས་མོ་བཙུགས་ནས་མུ་མཐུད་སློབ་ཁྲིད་བྱས་པ།
སྒྲོན་བརྙན་སྟོན་ཆས་མདུན་གྱི་ཆེས་མཛེས་ཤོས་ཀྱི་གཟུགས་བརྙན།
འདི་ནི་རྒན་ཝང་ལགས་ཀྱིས་དཀའ་ངལ་ཁྱད་དུ་བསད་ནས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་པ།
“རྒན་ཝང་ལགས་ནི་དངོས་གནས་ལས་ཀ་ཧུར་ཐག་འབད་ཐག་གནང་མཁན་ཞིག་རེད” “དགེ་རྒན་འདི་འདྲ་ཞིག་ཡོད་པ་ནི་ཕྲུ་གུ་ཚོའི་བསོད་བདེ་རེད། ང་ཚོ་བློ་བདེ་པོ་འདུག”ཅེས་ཉེ་ཆར་ཧོ་པེ་ཚང་ཀྲོའུ་གྲོང་ཁྱེར་སུའུ་ཉིང་རྫོང་དུ་སློབ་མའི་ཁྱིམ་བདག་ཁ་ཤས་ཀྱིས་རྒན་ཝང་ཤིའུ་དབྱིང་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་འདུག
ཝང་ཤིའུ་དབྱིང་ནི་སུའུ་ཉིང་རྫོང་ནན་ཏ་སློབ་འབྲིང་ལོ་རིམ་བརྒྱད་པའི་དངོས་ཁམས་དགེ་རྒན་ཞིག་རེད། འདི་ལོའི་ཟླ་3པར། ཝང་ཤིའུ་དབྱིང་རྐང་མཐིལ་གྱི་རྒྱུས་པ་གཤགས་བཅོས་བྱས་པས། གནས་སྐབས་རིང་འགྲོ་སྐྱོད་ལ་དཀའ་ངལ་འཕྲད་པ་རེད། ཁོང་གིས་ཕྲུ་གུ་ཚོའི་སློབ་སྦྱོང་ལ་ཤུགས་རྐྱེན་མ་ཐེབས་པ་བྱ་ཆེད། ཡུན་རིང་མ་སོང་བར་སློབ་གྲྭར་ལོག་ནས་མུ་མཐུད་སློབ་ཁྲིད་བྱ་རྒྱུའི་རེ་བ་བཏོན།
“རྒན་ལགས་ཁྱེད་རང་ཉིན་ཤས་མ་མཇལ་རིང་ག་རེ་གནང་སོང” “རྒན་ལགས། ཕྱག་རོཌ་དགོས་སམ” རྐུབ་སྟེགས་འཁོར་ལོའི་སྟེང་དུ་ཞུགས་པའི་རྒན་ཝང་ལགས་མཐོང་སྐབས། སློབ་མ་རྣམས་ཧང་སངས་ནས་གཅིག་རྗེས་གཉིས་མཐུད་ངང་རྒན་ལགས་ལ་སེམས་ཁུར་བྱས།
ཝང་ཤིའུ་དབྱིང་གི་བཟའ་ཟླ་དབྱང་ཡཱ་ཆིན་གྱིས“ཟླ་3ཚེས་15ཉིན་གྱི་གཟའ་སྤེན་པར་གཤགས་བཅོས་བྱས་པ་རེད། སྨན་པས་སྨན་ཁང་དུ་བསྡད་ནས་ཉིན་འགའ་ལྟ་ཞིབ་བྱས་རྗེས་རྨ་ཁའི་གནས་ཚུལ་ལ་བལྟས་ཏེ་ཁྱིམ་དུ་ལོག་ནས་ངལ་གསོ་རྒྱག་དགོས་པའི་གྲོས་འགོ་བཏོན་བྱུང་། འོན་ཀྱང་ཉིན་གཉིས་པར་ཁོང་གིས་སྨན་ཁང་ནས་དོན་རྒྱུའི་རེ་བ་བཏོན་སོང་། ཟླ་3ཚེས་17ཉིན་གཟའ་ཟླ་བར་ཁོང་སློབ་གྲྭར་སློབ་ཁྲིད་བྱེད་པར་ཕྱིན་སོང”ཞེས་བཤད།
ཝང་ཤིའུ་དབྱིང་གིས་ལོ་རིམ་བརྒྱད་པའི་འཛིན་གྲྭ་དྲུག་ལ་དངོས་ཁམས་དགེ་རྒན་གཉིས་ལས་མེད་པ་དང་དངོས་ཁམས་དགེ་རྒན་གཅིག་གིས་ལྕོགས་ཀྱི་མེད་པས་ཕྲུ་གུ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་སོང་ན་ག་ལ་འགྲིག་ཅེས་བཤད།
འགྲོ་མི་ཐུབ་པས་ཝང་ཤིའུ་དབྱིང་གིས་སློབ་ཁྲིད་བྱེད་སྐབས་རྐུབ་སྟེགས་འཁོར་ལོར་བརྟེན་དགོས་ཀྱི་ཡོད། སློབ་ཁྲིད་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ཁོང་གིས་རྐུབ་སྟེགས་འཁོར་ལོ་སྒྲོན་བརྙན་སྟོན་ཆས་འགྲམ་དུ་ཁྲིད་ནས་པུས་མོ་བཙུགས་ཏེ་སློབ་ཁྲིད་བྱས་པ་རེད།
རྒན་ལགས་ཀྱིས་ཐབས་ལམ་དེ་འདྲ་ཞིག་གི་ཐོག་ནས་སློབ་ཁྲིད་གནང་བ་མཐོང་སྐབས། སློབ་མ་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་། དུས་རྒྱུན་གྱི་ཕྲུ་གུ་འཚུབ་པོ་དག་གིས་ཀྱང་སློབ་ཚན་ནན་ཏན་ཉན་བཞིན་ཡོད་པ་རེད།
“རྒན་ཝང་ལགས་ཀྱིས་སྒྲོན་བརྙན་སྟོན་ཆས་མདུན་དུ་པུས་མོ་བཙུགས་ནས་སློབ་ཁྲིད་གནང་བའི་རྣམ་པ་དེས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད”ཅེས་ནན་ཏ་སློབ་འབྲིང་གི་སློབ་སྤྱི་ལིའུ་ཡཱ་ཧྥེ་ཡིས་བཤད།
“ཁོང་དངོས་གནས་ལས་ཀར་ཧུར་ཐག་འབད་ཐག་གནང་མཁན་ཞིག་རེད། རྐང་པར་ན་ཟུག་ཡང་ཡང་བཏང་བས་ཟླ་ཤས་སོང་རྗེས་གཤགས་བཅོས་བྱ་རྒྱུའི་འཆར་གཞི་ཡོད་མོད། ཁོང་གིས་ཟུག་གཅོག་སྨན་བཏང་ནས་སློབ་ཚན་འཐུས་ཤོར་མི་འགྲོ་བ་བྱེད་ཀྱི་ཡོད། སྨན་པས་ནད་གཞི་ད་དུང་ནར་འགྱངས་བྱེད་མི་རུང་བའི་སྐོར་བརྗོད་པས་གཞི་ནས་གཤགས་བཅོས་བྱས་པ་རེད”ཅེས་དབྱང་ཡཱ་ཆིན་གྱིས་བཤད།
མིག་སྔར། རྒན་ཝང་ལགས་ཀྱི་རྐང་པ་རིམ་བཞིན་དྲག་སྐྱེད་ཡོང་བཞིན་ཡོད། ཉེ་ཆར་དུས་རྒྱུན་ལྟར་སློབ་ཁྲིད་བྱེད་ཀྱི་ཡོད་མོད། དཀའ་ལས་ཁག་དྲགས་ན་རྐང་པར་ན་ཟུག་གཏོང་གི་ཡོད་པ་རེད།