ཏང་གི་སྲོག་རྩ་ཡིན་པའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་དགོས།
མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་རེད། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་ནི་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི“ངེས་སྦྱོང་སློབ་ཚན”ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྲོ་སེམས་ཆེན་པོའི་སྒོ་ནས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། བརྩེ་སེམས་ངོ་མ་བཅངས་ནས་མང་ཚོགས་དང་མཉམ་འདྲེས་བྱེད་པ། སྤྲོ་སེམས་འཁོལ་བའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མང་ཚོགས་སེམས་ལ་འཆང་བ་དང་མི་སེར་ལ་བརྩེ་སེམས་འཆང་རྒྱུ་དེ་རང་འགན་གཙང་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ནས་མཚོན་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་ནས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས།
ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་ཐུབ་མིན་གྱིས་ཏང་གི་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད། ཡན་ཨན་དུས་སྐབས་ནས་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བཏོན་པ་དང་འབྲེལ་ཏང་གི་སྒྲིག་ཡིག་ནང་བཀོད་པ་ནས་ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་བར་དང་། དེ་ནས་ད་ཆ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཀའ་ཉེན་བྲེལ་ལྕིའི་ལས་འགན་ལྕི་པོ་ལེགས་སྒྲུབ་བྱེད་རིང་རང་འགན་ཐེག་པ་ཁུར་ལེན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བར། ལོ་རྒྱུས་དང་དོན་དངོས་ལས་མང་ཚོགས་ལམ་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་ཏང་གི་ལང་ཚོའི་གསོན་ཤུགས་དང་འཐབ་འཛིང་ནུས་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ཕ་ནོར་རྩ་ཆེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད།
ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་དེ་ཡིན་པ་དང་། ཏང་གིས་སྲིད་བཟུང་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་ཐག་ཆད་པ་དེ་རེད། དུས་ཡུན་ངེས་ཅན་ཞིག་རིང་། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་མང་ཚོགས་དང་བར་ཐག་རིང་དུ་གཏོང་བ་དང་མང་ཚོགས་དང་འབྲེལ་ཐག་བཅད་དེ་མང་ཚོགས་དང་བརྩེ་དུང་ཞན་དུ་གཏོང་བ་དང་། དམངས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཉུང་བ། མི་དམངས་ཀྱི་འདུན་པ་སྣང་མེད་དུ་གཏོང་བ། གནད་དོན་ཐོན་སྐབས་རང་འགན་གཞན་དཀྲི་བཅས་བྱེད་ཀྱི་ཡོད། རྒྱུན་དུ་དེ་ལྟར་བྱས་ན། མང་ཚོགས་དང་སྐད་ཆ་ཤོད་ཐབས་བྲལ་ནས་རྐུབ་སྟེགས་གཅིག་གི་སྟེང་དུ་སྡོད་མི་ཐུབ་ལ། མང་ཚོགས་ཀྱི་ལྟ་བ་དོར་བ་དང་། མང་ཚོགས་ཀྱི་ལངས་ཕྱོགས་དང་མང་ཚོགས་ཀྱི་ལམ་ཕྱོགས་འཁྱོག་ནས་མང་ཚོགས་བློ་ཕམ་ཡིད་ཐང་ཆད་པ་མ་ཟད། ཏང་གི་སྙན་གྲགས་དང་གཟུགས་བརྙན་ལ་དེ་བས་གནོད་ནས་ཏང་གི་སྲིད་འཛིན་གྱི་རྨང་གཞིར་གནོད་པ་ཆེན་པོ་བཟོ་སྲིད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་ཁག་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་པར། ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་འགག་རྩ་དེར་དམ་འཛིན་ལྷོད་མེད་བྱས་ཏེ། ཐབས་ཇུས་འདོན་པ་དང་། ལས་ཀར་དམ་འཛིན་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ལྷུ་ཚིགས་ཁག་ཚང་མར་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ། མང་ཚོགས་ལ་བརྩེ་དུང་ཟབ་མོ་འཆང་བ་དང་མང་ཚོགས་དང་བདེ་སྡུག་མཉམ་མྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པར། མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་དགོས། ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་སྤྱི་ཞབས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། དམངས་ཀྱི་བསམ་ཚུལ་ཉན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་མང་ཙམ་བྱས་ནས། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཁེངས་སྐྱུང་ངང་མང་ཚོགས་ལ་སློབ་སྦྱོང་བྱས་ཏེ་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་དང་དམངས་སེམས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་བར་བྱེད་དགོས།
མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་སྐྱོད་པར། བསམ་བློའི་རྒྱུན་ཆགས་སྐྱོན་ཆ་བསལ་ནས་དངོས་སྒྲུབ་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཏེ། མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་ཡིན་ཕྱིན། ཚང་མར་ལྟ་སྟངས་ནན་ཏན་འཛིན་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡིན་ཕྱིན། ཚང་མ་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་གཅིག་སྡུད་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)