དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཡུལ་སྐོར་མགྲོན་པོའི་སེམས་པ་ལྷོ་ཁར་ཆགས། ཡར་ཀླུང་རིག་གནས་ཡུལ་གྲུ་ཀུན་ཏུ་གྲགས།

    ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱེད་པའི་སྐོར་གྱི་གནས་ཚུལ་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-04-11

    འདི་ནི་ཡུལ་སྐོར་བས་ལྷོ་ཁ་གྲོང་ཁྱེར་དུ་རིག་རྩལ་འཁྲབ་སྟོན་ལྟ་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཡུལ་མིས་ཡུལ་སྐོར་བར་ཇ་བསྲུབས་མ་བླུགས་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པས་གོང་དཀར་གནམ་ཐང་གི་བབས་ཚུགས་ཐོན་སྒོར་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་པ།

    འདི་ནི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཚོས་མེ་ཕུང་གི་མཐའ་སྐོར་དུ་སྒོར་གཞས་འཁྲབ་བཞིན་པ།

    རང་ལྗོངས་ཀྱི་དཔྱིད་དུས་ཀྱི་ཡུལ་སྐོར་རིམ་བཞིན་སླར་གསོ་བྱེད་པ་དང་སྦྲགས། ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་དོན་པས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ལག་ཏུ་ཁ་བཏགས་དང་། ཕྱེ་མར་འབོ། ནས་ཆང་བཅས་འཁྱེར་ཏེ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་བབས་ཚུགས་ཐོན་སྒོར་ལྷོ་ཁའི་ཡུལ་སྐོར་གཙང་གླས་གནམ་གྲུ་དང་པོའི་ཡུལ་སྐོར་བར་བསུ་བ་ཞུས།

    ཕེབས་བསུའི་ཆོ་ག་དེ་ལས་ཡུན་ནན་དང་། ཀོང་ཏུང་། ཨན་ཧུའེ་སོགས་ནས་ཡོང་པའི་ཡུལ་སྐོར་བ་100ལྷག་ཙམ་གྱིས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དགའ་བསུའི་མཛད་སྒོ་ཞིག་དངོས་སུ་ཉམས་ལེན་ཐུབ་ཅིང་། ཀོང་ཏུང་ཞིང་ཆེན་གྱི་ཡུལ་སྐོར་བ་ཕེང་ཧྥན་གྱིས“གནམ་གྲུ་ནས་བབས་མ་ཐག་བོད་རིགས་སྤུན་ཟླ་ཚོས་སེམས་རྩ་འཁོལ་པོས་སྣེ་ལེན་བྱས་སྟབས་ལམ་བར་གྱི་ངལ་དུབ་ཀྱང་དེ་མ་ཐག་འཇའ་ལྟར་ཡལ་སོང”ཞེས་དགའ་ཚོར་ཆེན་པོས་བཤད།

    ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་རིག་གནས་མཉམ་འདྲེས་འཕེལ་རྒྱས་དང་སྤེལ་རེས་མཉམ་ལས་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་བདེ་བླག་ངང་འཚོགས་པ་དང་འབྲེལ། ཐེ་ལན་དང་མ་ལེ་ཞི་ཡར་ལྷོ་ཁའི་རིག་གནས་ཡུལ་སྐོར་ཁྱབ་གདལ་བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་གཉེར་བས“བོད་མིའི་འབྱུང་གནས་ལྷོ་ཁ”ཞེས་པའི་ཡུལ་སྐོར་སྤུས་རྟགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཐོག་ལྷོ་ཁའི་ཡུལ་སྐོར་སྣ་མང་ཅན་གྱི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་བསྣན་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ཀྱི་ལོ་གསར་དང་རྨོད་གཉའ་གཅོག་པའི་མཛད་སྒོའི་ཡུལ་སྐོར་སྐར་ཁུང་གི་དུས་སྐབས་བཟང་ཤོས་འཆར་བ་དང་སྦྲགས། ལྷོ་ཁ་གྲོང་ཁྱེར་གྱིས་གནམ་གྲུ་གཙང་གླས་ཀྱི་ཡུལ་སྐོར་དང“བོད་མིའི་འབྱུང་གནས་ལ་བརྟག་པ”ཞེས་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་བཀོད་སྒྲིག་བྱས་པར། ས་གནས་ཁག་གི་ཡུལ་སྐོར་བ་ངོ་མཚར་རྨད་དུ་བྱུང་བའི་ས་གཞི་དེར་ཡོང་ནས་ལྷོ་ཁའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པ་དང་དུས་མཚུངས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་མིའི་འབྱུང་གནས་ཀྱི་རིག་གནས་ཉམས་ལེན་ཟབ་མོ་བྱས་ཐོག ལྷོ་ཁར་སྔར་བས་རྒྱུས་ལོན་དང་ཉམས་ལེན་བྱས་ཏེ“བོད་མིའི་འབྱུང་ཁུངས་ལྷོ་ཁ”ཞེས་པའི་ཡུལ་སྐོར་སྤུས་རྟགས་རྒྱལ་ཡོངས་དང་འཛམ་གླིང་དུ་དེ་བས་ལེགས་པའི་ངང་ཁྱབ་པར་རམ་འདེགས་བྱས་ཡོད།

    “དེ་གོང་བོད་ལྗོངས་ལྷ་སར་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ཡོད་པ་ཙམ་ལས་གཞན་གང་ཡང་ཤེས་ཀྱི་མེད། ད་ཐེངས་ལྷོ་ཁར་དེ་བས་ཡོང་རིན་ཆེན་པོ་འདུག”ཅེས་ཧུའུ་པེ་ཅིང་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཧྲུའུ་ལིང་གིས་བཤད་པ་དང་། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་པད་མ་གཡང་འཛོམས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་སྦྱིན་བདག་གིས་ཁོང་ལ་གྲ་སྒྲིག་བྱས་པའི་བོད་ཆས་གྱོན་ནས་ཇ་བསྲུབས་མ་འཐུང་ཞོར་དུ་ད་ཐེངས་ལྷོ་ཁར་ཡོང་བའི་དོན་སྙིང་མནོ་བསམ་ཞིབ་མོ་བྱེད་བཞིན་མཆིས།

    ཡུལ་སྐོར་བ་ཚོར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། པད་མ་གཡང་འཛོམས་དང་ཁོང་གི་བཟའ་ཟླ་ཚེ་རིང་དོན་གྲུབ་ཀྱིས་རང་ཁྱིམ་གྱི་སྡོད་ཁང་བཟོ་བཅོས་བརྒྱབ་པས། ད་ཆ་ཁོང་གི་ཁྱིམ་དུ་འགྲུལ་ཁང་ཁང་མིག་5དང་ཉལ་ཁྲི་10ཡོད་ཅིང་། ཡུལ་སྐོར་བ་དེ་གར་ཞག་སྡོད་བྱེད་སྐབས་ལྷད་མེད་བོད་ཟས་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་བོད་ཆས་གྱོན་ནས་དམངས་སྲོལ་བྱེད་སྒོར་ཞུགས་ཐུབ་པས་ཡུལ་སྐོར་ཉམས་ལེན་བྱེད་རིན་ཧ་ཅང་ཆེན་པོ་ཡོད།

    པད་མ་གཡང་འཛོམས་ཁྱིམ་གྱི་གནས་ཚུལ་ནི་དཔེ་མཚོན་ཙམ་ཞིག་ཡིན་ཞིང་། ད་ཆ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཁྱིམ་ཚང་90%ཡན་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ནང་ཞུགས་ཡོད། རིམ་རྩིས་བརྒྱབ་ན་སྡེ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་8.6ལྷག་ཙམ་ལ་སྣེ་ལེན་ཞུས་ནས་སྡེ་ཁུལ་གྱི་མཉམ་སྡེབ་དང་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་730ལྷག་ཙམ་འཕར་བར་སྐུལ་ཁྲིད་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་ཤུགས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེའི་ཉམས་འགྱུར་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་ལ་བརྟེན་ནས། ལྷོ་ཁ་འདི་ཉིད་ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གྲགས་ཅན་དུ་གཏོད་དེ་རྒྱལ་ཡོངས་དང་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་ཡུལ་སྐོར་བ་ཡར་ཀླུང་ས་གཞི་ཆེན་པོར་ཡུལ་སྐོར་དུ་ཡོང་བར་བསུ་བ་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།