རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གྱིས“སྙིང་གཏམ་ཤོད་པ་དང་གཉེན་ཉེ་སྒྲིག་པའི”ལས་ཀའི་བྱེད་ཐབས་འཚོལ་ཞིབ་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་དུ་བརྗིད་ཆགས་ཀྱི་གངས་རི་དང་ཧ་ཅང་སྟུག་པའི་ནགས་ཚལ་གྱིས་དོན་སྙིང་གལ་ཆེན་ལྡན་པ་དང་དམངས་འཚོར་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་འཕོ་འགྱུར་ཆེན་པོ་ཞིག་གི་བདེན་དཔང་བྱེད་བཞིན་མཆིས། དུས་ཡུན་རིང་པོའི་ནང་། ས་གནས་དེ་གའི་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་བརྟེན་པ་དང་ལོ་རེའི་འབུ་བཀོག་པའི་དུས་ཚིགས་འདི་ཁྱིམ་ཚང་གི་ལོ་ཧྲིལ་པོའི་ཡོང་འབབ་གཙོ་བོ་གསོག་པའི་དུས་ལ་གྱུར་མོད། འོན་ཀྱང་རང་བྱུང་ཁམས་ལས་བྱུང་བའི་ཐོན་ཁུངས་དེ་དག་བརྟན་པོ་མེད་པ་དང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཁོ་ནར་བརྟེན་པས་འགྲོ་བ་དགོན་གྲོང་རྡལ་གྱི་འཕེལ་རྒྱས་ལ་མི་མངོན་པའི་ཉེན་ཁ་མང་པོ་བཟོས་ཡོད།
“ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ང་ཚོ་ནི་མང་ཚོགས་ཀྱི‘ནང་མི’ལྟ་བུ་ཡིན་པས། ངེས་པར་དུ་མང་ཚོགས་ཁྲོད་བསྐྱོད་དེ་ཁོང་ཚོར་ཁྱིམ་གཞིས་ཀྱི་རྨང་གཞི་བརྟན་པོ་འདིང་བར་སྤུས་ལེགས་དང་སྙིང་ཉེ་ཤོས་ཀྱི་ཞབས་ཞུ་བསྒྲུབས་ཡོད། ད་ལོ་གཙོ་གནད་ཐོག་སྐུལ་འདེད་བཏང་བའི་འཁྲི་སྐྱེས་ཤ་མོའི་ནགས་ཁྲོད་ཐོན་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མང་ཚོགས་ཚོས‘གནམ་ཆུ་སྒུག་ནས་འཚོ་བ་སྐྱེལ་བའི’ལྟ་བ་རྙིང་པར་འགྱུར་ལྡོག་བཏང་བ་མ་ཟད། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ནུས་ལྡན་ཡང་བཏང་ཡོད”ཅེས་འགྲོ་བ་དགོན་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
“སྙིང་གཏམ་ཤོད་པ་དང་གཉེན་ཉེ་སྒྲིག་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་དགོན་གྲོང་རྡལ་ཏང་ཨུད་ཀྱིས་གནད་སྨིན་འབད་སྒྲུབ་ཀྱི་འཆར་འགོད་དང་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་སྟེ་འཁྲི་སྐྱེས་ཤ་མོའི་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། མིག་སྔའི་བར། ནགས་ས་མུའུ་700ལྷག་ཙམ་གསར་སྤེལ་བེད་སྤྱོད་གང་ལེགས་ཐུབ་ནས་མང་ཚོགས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་རེ་བ་བཅངས་ས་གསར་པར་གྱུར་ཡོད། ཐོན་ལས་ལ་སྐུལ་འདེད་གཏོང་རིང་འཚོ་རྟེན་ལས་སྤྲོད་ཀྱི་བྱེད་སྟངས་སྤྱད་དེ་མང་ཚོགས་དེའི་ནང་དངོས་སུ་ཞུགས་པས་ཐོན་ལས་འཕེལ་རྒྱས་ནང་ཐད་ཀར་ཞུགས་མཁན་དང་ཕན་པ་ཐོབ་མཁན་དུ་གྱུར་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། འཁྲི་སྐྱེས་ཤ་མོའི་ཐོན་ལས་བརྒྱུད་འགྲོ་བ་དགོན་གྲོང་རྡལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་1600ལྷག་ཙམ་ལ་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་བྱུང་ཡོད། ཐོག་མར་འདེབས་འཛུགས་ལག་རྩལ་ཅི་ཡང་མ་ཤེས་པ་ནས་ད་ཆ་འདེབས་འཛུགས་དང་གཡོག་བྱེད་རྩལ་ནུས་ཁོང་དུ་ཆུད་པའི་བར། མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་ཐོན་པ་མ་ཟད། རང་ངོས་འཕེལ་རྒྱས་གཏོང་ནུས་སྔར་བས་ཆེ་རུ་ཕྱིན་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་གདེང་ཚོད་འཕེལ་ཡོད།
མང་ཚོགས་བཀྲ་ཤིས་རྡོ་རྗེས་དགའ་སྤྲོའི་ངང“གྲོང་རྡལ་ནང་གི་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་རྣམ་གྲངས་དྲིལ་བསྒྲགས་བྱས་པ་དང་། ད་དུང་ང་ཚོའི་དངོས་ཡོད་ཀྱི་དཀའ་ངལ་མང་པོ་ཐག་གཅོད་བྱས་ཡོད། རྒྱལ་ལམ་འཛུགས་སྐྲུན་ནང་ཞུགས་པས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་གོ་ཆོད་པའི་རྩལ་ནུས་མང་པོ་ཤེས་ཏེ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་མང་ཚོགས་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་རྒྱུ་རེད། བྱེད་ཐབས་འདིས“གནམ་ཆུ་སྒུག་ནས་འཚོ་བ་སྐྱེལ་བའི”སྔར་ཡོད་ཀྱི་བྱེད་སྟངས་རྙིང་པ་རྦད་དེ་མེད་པ་བཟོས་ཏེ་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་རང་སྟོབས་ཀྱི་ནུས་པར་སྐུལ་སྤེལ་ཆེན་པོ་བཏང་ཡོད།