ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས།
2025ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།
ད་ལོ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་ལ། ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་དེ་ཡིན། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་ཉིན་ཤས་གོང་བརྡ་ཐོ་བཀྲམ་ནས། རྒྱལ་ཡོངས་སུ་2025ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ལོ་བཅུ་འཁོར་བ”ཞེས་པ་དེ་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་10ཕྱིན་པའི་རིང་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་སུ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོའི་བརྗོད་དོན་གཙོ་བོ་དང་གཙོ་གནད་ནང་དོན་ལ་དམིགས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས་ཤིང་། ལས་སྟེགས་སྣ་ཚོགས་བེད་སྤྱོད་གང་ལེགས་དང་རྣམ་པ་འདྲ་མིན་ཐོག་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གསལ་འགྲེལ་གཏིང་ཟབ་རྒྱག་དགོས།