ཟླ་བ་དང་པོ་དང་གཉིས་པར་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་4.6%འཕར་བ།
དུས་མཚུངས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་6000ལས་ཐོག་མར་བརྒལ་བ།
འདི་ལོ་ཚུན་དུ་ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་མུ་མཐུད་འཕེལ་རྒྱས་ལེགས་པོ་བྱུང་བ་དང་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཟིན་ཐོ་གསར་པ་བཏོད་ཡོད། ཁྲེང་ཏུའུ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་ནུབ་རྒྱུད་ས་ཁུལ་གྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་6107.9ཟིན་པ་དེ་དུས་མཚུངས་ཀྱི་གཞི་ཁྱོན་གྱི་སྒོར་དུང་ཕྱུར་6000ལས་ཐོག་མར་བརྒལ་ནས་4.6%འཕར་ཡོད།
ཚོང་ཟོག་གི་རིགས་ནས་བལྟས་ན། ལག་ཁྱེར་གློག་ཀླད་ཕྱིར་གཏོང་བྱེད་ཚད་17.6%འཕར་ནས་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཚོང་ཟོག་ཕྱིར་གཏོང་བྱས་པའི་47.2%བཟུང་བ་དང་། ངོས་ལེབ་གློག་ཀླད་ཕྱིར་གཏོང་བྱེད་ཚད་22.8%འཕར་ནས་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཚོང་ཟོག་ཕྱིར་གཏོང་བྱས་པའི་47.1%བཟུང་བ། གློག་སྒུལ་རླངས་འཁོར་ཕྱིར་གཏོང་བྱེད་ཚད་46.3%འཕར་བ། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་17.8%འཕར་ཡོད།
ཟླ་བ་དང་པོ་དང་གཉིས་པར་ནུབ་རྒྱུད་ས་ཁུལ་གྱི་རང་བརྟེན་སྤུས་རྟགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་10.8%འཕར་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཡོད་གྲུབ་འབྲས་ལྡན་པའི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་8.5%འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་གྱིས་ནུབ་རྒྱུད་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་ཕྱེད་ཀ་ཡན་བཟུང་ནས། ནུབ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེ་དང་ཆབས་ཅིག་ཟླ་བ་དང་པོ་དང་གཉིས་པར་ཁྲེང་ཏུའུ་མཁའ་འགྲུལ་འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1015.9ཟིན་པ་དེ་དུས་མཚུངས་ལས་21.8%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ལོའི་ཟླ་བ་2པའི་ཟླ་མཇུག་བར་ཁྲེང་ཏུའུ་མཁའ་འགྲུལ་འགག་སྒོས་རིམ་རྩིས་བརྒྱབ་ན་རྒྱལ་སྤྱིའི་ས་ཁུལ་གྱི་ཐད་གཏོང་འགྲུལ་སྐྱེལ་མཁའ་ལམ་51བཏོད་པ་དང་དུས་གཏན་རྒྱལ་སྤྱིའི་ས་ཁུལ་གྱི་ཟོག་འདྲེན་མཁའ་ལམ་34རུ་འཕུར་སྐྱོད་བྱེད་པ། ཟོག་འདྲེན་བྱེད་ཚད་བསྟུད་མར་འཕར་ནས་གཅིག་སྡུད་ཁྱབ་འགྱེད་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།