དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་གཤམ་སྐྱོད་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-10

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྤེལ་བའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་གཤམ་སྐྱོད་བྱེད་སྒོ་ཆུ་ཤུར་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་སྐབས། ལྷ་ས་གྲོང་ཁྱེར་གྱིས་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། གྲངས་འཛིན་ཐོན་རྫས། ཐབ་ཚང་དང་གསང་སྤྱོད་ཀྱི་སྤྱོད་ཆས། གློག་སྒུལ་འཁོར་རིགས། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་གི་སིལ་ཚོང་བཅས་ཁྱབ་ཁོངས་དྲུག་གི་འཛད་སྤྱོད་ཁ་གསབ་བཏོན་པ་དང་། བྱེད་སྒོར་ཞུགས་མཁན་ཚོང་དུད་40ཙམ་ཡོད་ལ། འཛད་སྤྱོད་པས་གོང་གསལ་གྱི་ཐོན་རྫས་རིགས་ཉོས་ཚེ་མ་དངུལ་ཁ་གསབ་མཐོ་ཤོས་20%སྤྲོད་རྒྱུ་རེད། བྱེད་སྒོ་དེ་མུ་མཐུད་ལྷུན་གྲུབ་རྫོང་དང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་། འདམ་གཞུང་རྫོང་སོགས་ཞིང་འབྲོག་ཁུལ་དུ་སྤེལ་རྒྱུ་རེད།

    འདི་ལོ་ཚུན། ལྷ་ས་གྲོང་ཁྱེར་གྱིས་འཛད་ཟོག་སྐུལ་སྤེལ་བྱེད་སྒོ་དེ་གྲོང་ཁྱེར་ཡོངས་ཀྱི་དམངས་འཚོའི་བྱ་བ་དངོས་ཁག་20ཡི་ཁྱབ་ཁོངས་སུ་བཅུག་ནས། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.694བཏང་སྟེ“བདེ་སྐྱིད་ལྡན་པའི་ལྷ་ས། འཚོ་བ་མཉམ་དུ་ལོངས་སྤྱོད”ཅེས་པའི་འཛད་སྤྱོད་སྐུལ་སྤེལ་དང་དུས་ཡུན་ཆེས་རིང་བའི་རྒྱལ་བུན་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་རབ་དང་རིམ་པ་ཐེངས་2སྤེལ་བ་དང་། རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.2ཞིབ་རྩིས་གཙང་དག་བཟོས་པ། སྒོར་དུང་ཕྱུར་12.08འཛད་སྤྱོད་བྱ་རྒྱུར་སྐུལ་ཁྲིད་བྱས་པ། སྤྱིའི་ཕན་ནུས་ལྡབ་10ཟིན་པ། གྲོང་ཁྱེར་ཡོངས་ཀྱི་ཚོང་དུད་343ལ་ཕན་པ་ཐོབ་པ། ཁྱོན་མི་ཐེངས་ཁྲི་25.4ལ་སྲིད་གཞུང་གི་འཛད་སྤྱོད་ཁ་གསབ་ལོངས་སུ་སྤྱོད་ཐུབ་པ་བཅས་བྱུང་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་2025ལོའི་12ཚེས་31ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་པ་དང་ཁྱོན་དུས་ཡུན་ཆེས་རིང་བའི་རྒྱལ་བུན་སྒོར་ཁྲི་6000གཏོང་རྒྱུ་ཡིན་ཞིང་། མིག་སྔའི་བར་སྒོར་ཁྲི་1577ཞིབ་རྩིས་གཙང་དག་བཟོས་པ་དང་། སྒོར་ཁྲི་9644འཛད་སྤྱོད་བྱ་རྒྱུར་སྐུལ་ཁྲིད་བྱས་པ། འཛད་ཟོག་ཁག་24778ལ་ཁ་གསབ་སྤྲད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཁོངས་གཏོགས་ཁུལ་དང་མཉམ་དུ་ནུས་ཤུགས་བཏོན་ནས་སྤུས་ལེགས་ཕན་ཡོད་ཀྱི་འཛད་ཟོག་དེ་བས་མང་བ་ཞིང་འབྲོག་ཁུལ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་གྱི་སྒོ་འགྲམ་དུ་བསྐྱལ་ཏེ་རྒྱ་ཆེའི་མང་ཚོགས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།