ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ན་ནིང་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་སྒོར་དུང་ཕྱུར་30ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། འདི་ལོའི་ཟླ་2པ་བར་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་2.78ཟིན་པ།
ཉེ་ཆར། ཧྲེན་ཀྲེན་དུ་གཉེར་བའི་ཁྱད་ལྡན་ཐོན་ལས་མ་འཇོག་འོས་སྦྱོར་བྱེད་སྒོ་ཞིག་གི་ཐོག་ནག་ཆུ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་ཕུན་སུམ་ཚོགས་པོ་དང་མ་འཇོག་གི་ཁོར་ཡུག་བཟང་པོ་ངོ་སྤྲོད་ཞིབ་ཕྲ་བྱས་པ་བརྒྱུད། ཁེ་ལས་གཉིས་དང་མ་འཇོག་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་གྲོས་མཐུན་གྱི་མ་འཇོག་བསྡོམས་འབོར་སྒོར་ཁྲི་2500ཟིན་ཡོད་པ་རེད།
འདི་ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་ཕྱིན་པ་སྟེ། ཟླ་2པ་བར་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁྱོན་20(མཐུད་སྐྲུན་རྣམ་གྲངས་20)ཡོད་པ་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་2.78ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2.78བཏང་བ། མི་429ལས་ཞུགས་བྱས་པ། ངལ་ནུས་ཡོང་འབབ་སྒོར་ཁྲི་148འཕར་བ་བཅས་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་འཁོར་གྱི་མྱུར་ཚད་བཀོད་སྒྲིག་གཞིར་བཟུང་། སྔོན་དཔག་བྱས་ན་དུས་ཚིགས་དང་པོར་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་4.2ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་ནག་ཆུ་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པ”དམ་འཛིན་བྱ་གཞིར་བྱས་ཏེ། ཚོང་འགུགས་མ་འདྲེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར། གྲོང་ཁྱེར་ཡོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་51གྲབས་གསོག་ཞིབ་ཚགས་བྱས་ནས་མ་དངུལ་ཁྱོན་སྒོར་དུང་ཕྱུར་100གཏོང་རྩིས་ཡོད་པ་རེད། ཚོང་འགུགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་བྱེད་སྒོའི་འཆར་གཞིར་བརྟེན་ནས་ནག་ཆུ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་ཚོང་འགུགས་འོས་སྦྱོར་བྱེད་སྒོ་ཐེངས་10ཡན་སྤེལ་ཏེ། ཁྱད་ལྡན་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་པ་དང་སྤུས་ལེགས་ཁེ་ལས་མ་འཇོག་ལས་དར་ལ་ཡོང་རྒྱུའི་ཡིད་དབང་འགུག་རྩིས་ཡོད་པ་རེད།