ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཡིའུ་རུའུ་ཅུན་གྱིས་བརྗོད་དོན།
གཞོན་ནུའི་སྤྲོ་སེམས་བཅངས་ནས་ཉེ་འཁོར་གྱི་མི་དང་བྱ་བར་ལྟ་སྟངས་འཛིན་གྱི་ཡིན།
རྐང་འཁོར་བཞོན་ནས་བོད་དུ་ཡོང་བའི་མྱོང་བ་ཐེངས་གཅིག་ལས་ཡིའུ་རུའུ་ཅུན་དང་བོད་དབར་ལས་འཕྲོའི་མདུད་པ་ཐེབས། མཛེས་སྡུག་ལྡན་པའི་ས་མཐོའི་མཛེས་ལྗོངས་དང་བབ་ཆགས་ལ་སེམས་བཟང་བའི་མི་རྣམས་ཀྱིས་ཨན་ཧུའེ་ཞིང་ཆེན་ཐེན་ཁྲང་གྲོང་ཁྱེར་ནས་ཡིན་པའི་གཞོན་ནུ་དེར་སེམས་འགུལ་ཆེན་པོ་ཐེབས་ཡོད།
2014ལོར་སློབ་ཆེན་མཐར་ཕྱིན་རྗེས། ཡིའུ་རུའུ་ཅུན་དཔལ་འབྱོར་དར་རྒྱས་ཆེ་བའི་ཕ་ཡུལ་ཨན་ཧུའེ་ཞིང་ཆེན་ཐེན་ཁྲང་གྲོང་ཁྱེར་ནས་ཁ་བྲལ་ཏེ་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པར་ཞུགས་ནས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཡུལ་སྐོར་ཅུས་སུ་ལས་ཀ་བྱས། ལོ་བཅུ་ལྷག་ཙམ་རིང་། ཁོང་གིས་སེམས་རྩ་འཁོལ་པོས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུས་ནས་གཞོན་ནུའི་ལང་ཚོ་ས་ཆ་དེར་ལེགས་སྐྱེས་ཕུལ།
རྒྱ་ཚ་རྫོང་གི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་65ཡི་སའི་རི་ཚོགས་ཁྲོད་ཡུལ་སྐོར་བས་ཡིད་སྨོན་བྱེད་པའི་མཛེས་ལྗོངས་ཁུལ་ལྷ་མོའི་བླ་མཚོ་ཡོད། གནས་དེའི་ས་བབ་མཐོ་ཚད་སྨི་5300ལྷག་ཙམ་ཡོད་པར་བརྟེན་ཡུལ་སྐོར་བཟང་དུས་ཡུལ་སྐོར་བ་མང་པོ་ཞིག་གསོ་རླུང་མི་འདང་བར་དཀའ་སྡུག་ཆེན་པོ་འཕྲད་ཀྱི་ཡོད། ཡིའུ་རུའུ་ཅུན་གྱིས་རྟག་ཏུ་ལས་རོགས་ཚོ་དང་མཉམ་དུ་སྔོན་ལ་ས་གནས་ས་ཐོག་ཏུ་བསྐྱོད་ནས་ཡུལ་སྐོར་བ་ཚོའི་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད།
དང་བླངས་ཞབས་ཞུའི་ལས་དོན་སྒྲུབ་སྐབས། ཁོང་གིས་འགན་ཚང་མ་འཁུར་བ་མ་ཟད། ལས་ཀ་ཚང་མ་ནན་ཏན་ངང་བསྒྲུབས་ཀྱི་ཡོད་པས་སྦྱོང་བརྡར་ཆེན་པོ་ཐེབས།
2016ལོར་དང་བླངས་ཞབས་ཞུའི་ལས་འགན་ཚར་རྗེས། ཡིའུ་རུའུ་ཅུན་བོད་དུ་སྡོད་པའི་དང་བླངས་པའི་ཡིག་རྒྱུགས་ལོན་ཏེ་གཞི་རིམ་གྱི་གཞུང་ཞབས་པར་གྱུར་ནས་རྒྱ་ཚ་རྫོང་ཡུལ་སྐོར་ཅུས་སུ་ལས་ཀ་བྱས། ཁོང་གི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པར་བརྟེན་གསར་མི་ཞིག་ཡིན་ཡང་ལས་ཀ་གང་བྱས་ཀྱང་མི་འཕྱུགས་པར་བྱས།
2020ལོར་ཡིའུ་རུའུ་ཅུན་རྩ་འཛུགས་ཀྱིས་ལྷ་གསོལ་ཤང་དུ་འཐེན་ནས་ཤང་དྲིལ་བསྒྲགས་ཨུ་ཡོན་བྱེད་དུ་བཅུག 2024ལོར་ལྷ་གསོལ་ཤང་ལ་ཟུར་གྲོང་ཚོར་གྲོང་སྡོད་བྱེད་རིང་། ཡིའུ་རུའུ་ཅུན་གྱིས་གྲོང་སྡོད་ལས་བྱེད་པ་གཞན་དང་མཉམ་དུ་རྫོང་གྲོང་སྡོད་གཞུང་ལས་ཁང་ལ་མ་དངུལ་ཁག་གཅིག་བརྩོན་ལེན་བྱས་ཏེ“ཉི་འོད་ཁྲུས་ཁང”གི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་རྣམས་རིན་མེད་ངང་གཟུགས་པོ་འཁྲུ་བར་སྟབས་བདེ་བསྐྲུན་ཡོད། གྲོང་སྡོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡིའུ་རུའུ་ཅུན་གྱིས་ད་དུང་མང་ཚོགས་རྣམས་ཤ་མོ་འཐུ་རུ་བཅུག་པ་མ་ཟད། ཤ་མོ་ལྷེབ་ལྷེབ་བཏུབས་ཏེ་རླུང་སྐམ་བཏང་ནས་བཙོངས་པས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད། གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཁྱིམ་ཚང་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་སློབ་ཆེན་སློབ་མ་ཞིག་ལྗོངས་ཕྱིའི་གཅེས་སེམས་ཁེ་ལས་དང་འབྲེལ་གཏུག་བྱས་ནས་ལོ་ལྟར་སློབ་རོགས་མ་དངུལ་སྒོར་ཁྲི་3གྲབས་གསོག་བྱས་ནས་སློབ་མ་དེའི་སློབ་ཡོན་ཐག་གཅོད་བྱས།
2024ལོའི་ཟླ་9པར་རྩ་འཛུགས་ཀྱིས་སླར་ཡང་ཁོང་ཚེ་ཆུ་ཤང་དུ་འཐེན། ཁོང་གིས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་བྱས་ནས་ལས་མཚམས་བཞག་པའི་གཏེར་ཆུའི་ཁེ་ལས་ལ་འབྲེལ་ཡོད་ལག་ཁྱེར་གཉེར་རོགས་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སླར་གསོ་ཐུབ་པར་བྱས།
ལོ་10ལྷག་ཙམ་རིང་། ཡིའུ་རུའུ་ཅུན་གྱིས་བྲེལ་འཚུབ་ཁྲོད་ལས་གནས་བརྟན་སྲུང་དང་དགའ་ཞེན་ཁྲོད་མུ་མཐུད་འཇོན་ཐང་མངོན་ཞིང་། ངལ་དུབ་ཆེ་ཡང་ཁོང་གིས་བོད་ཀྱི་གཞི་རིམ་དུ་ལས་ཀ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་དོར་མྱོང་མེད།
2017ལོ་ནས་ད་བར། ཡིའུ་རུའུ་ཅུན་ལ་རྒྱ་ཚ་རྫོང་གི“ལོ་འཁོར་གྱི་ཕུལ་བྱུང་གཞུང་ཞབས་པའི”མཚན་སྙན་ཐེངས་དྲུག་ཐོབ་པ་དང་། ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུའུ་ཡིས་གཞུང་ཞབས་པའི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་སྤྲད་ཡོད།