དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་རྩ་ཆག་གཏོང་རྒྱུ་མ་ཟད་འཇལ་ཡུན་དུས་འགྱངས་བྱེད་ཆོག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ནོར་སྲིད་པུའུ་དང་། སློབ་གསོ་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་བརྡ་ཐོ་བཏང་ནས། 2025ལོར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་རྩ་ཆག་གཏོང་བ་མ་ཟད་འཇལ་ཡུན་དུས་འགྱངས་བྱེད་ཆོག་པའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་པ་རེད།

    བརྡ་ཐོའི་ནང་ཁ་གསལ་བཏོན་དོན། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2025ལོ་དང་དེ་སྔའི་ལོ་འཁོར་ལ་སློབ་གྲྭ་ཐོན་པའི་དངུལ་བུན་གཡར་བའི་སློབ་མའི་2025ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་སྐྱེད་ཀ་རྩ་ཆག་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྐྱེད་སྦྱར་སྲིད་ཇུས་གཞིར་བཟུང་། རྩ་ཆག་བཏང་བའི་སྐྱེད་ཀ་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་འགན་འཁུར་རྒྱུ་རེད།

    2025ལོ་དང་དེ་སྔའི་ལོ་འཁོར་ལ་སློབ་གྲྭ་ཐོན་པའི་དངུལ་བུན་གཡར་བའི་སློབ་མའི་2025ལོར་འཇལ་དགོས་པའི་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་མ་དངུལ་དག་དངུལ་བུན་གཡར་མཁན་སློབ་མས་རང་ཚུགས་རེ་ཞུ་བྱེད་པ་བརྒྱུད་དུས་ཚོད་ལོ་1འགྱངས་འཇལ་བྱེད་ཆོག་པ་དང་། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། དངུལ་བུན་གྱི་དུས་བཀག་རིང་ཤོས་ལོ་22ལས་བརྒལ་མི་རུང་། དུས་འགྱངས་དངུལ་བུན་ལ་སྐྱེད་ཆད་དང་ཟློས་སྐྱེད་མི་གཏོང་བ་དང་། ཉེན་ཁའི་རིགས་གནས་སྐབས་དམའ་རུ་གཏོང་གི་མེད་པ་རེད།

    གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་བྱ་ཐབས་བཏོན་པ་ལས་སྔོན་དཔག་བྱས་ན་སྐྱེད་ཀ་སྒོར་དུང་ཕྱུར་24.8རྩ་ཆག་གཏོང་རྒྱུ་དེས་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་600ལ་ཕན་པ་ཐོབ་ནས་དངུལ་བུན་གཡར་བའི་སློབ་མའི་དཔལ་འབྱོར་གནོན་ཤུགས་དང་ལས་ཞུགས་གནོན་ཤུགས་ཆུང་དུ་འགྲོ་བར་ཕན་པ་ཡོད་པ་མ་ཟད། སློབ་མར་མི་སྒེར་གྱི་ཡིད་རྟོན་ཟིན་ཐོ་སྲུང་སྐྱོང་བྱེད་རོགས་བྱས་ཏེ་ཁོང་ཚོ་ལས་ཞུགས་བདེ་བླག་ཐུབ་པར་སྐུལ་འདེད་ཐེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།