དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣ་མང་འཕེལ་རྒྱས་བདེན་དཔང་བྱེད། དོན་དངོས་འཚོ་བ་ཉམས་སུ་མྱོང་།

    ​ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་བོད་དུ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

    ཟླ་3ཚེས་27ཉིན་ནས་ཟླ་4ཚེས་1ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པ་15ཡི་གསར་འགོད་པ་20ལྷག་ཙམ་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་དུ་བཅར་འདྲི་བྱེད་པར་སྒྲིག་འཛུགས་བྱས་པ་རེད། ཟླ་3ཚེས་28ཉིན་གྱི་ཕྱི་དྲོར། ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་ཚོ་ལྷ་ས་གྲོང་ཁྱེར་གྱིས་འཚོགས་པའི《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད། དེ་རྗེས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་། ཆོས་དད་རང་མོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་གསར་འགྱུར་གཏོང་སྤེལ་གཏིང་ཟབ་བྱས་ཏེ་འཛམ་གླིང་ལ་ཁོང་ཚོས་མིག་མཐོང་ལག་འཛིན་བྱུང་བའི་བོད་ལྗོངས་ཀྱི་སྐོར་ངོ་སྤྲོད་བྱས་པ་རེད།

    དམངས་འཚོ་འགན་སྲུང་།

    ལྟ་སྐྱོང་ལྟེ་གནས་དང་སློབ་གྲྭའི་བདེ་སྐྱིད་ལྡན་པའི་རྣམ་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་གང་སར་དྲོ་སྐྱིད་དང་གསོན་ཤུགས་ཀྱིས་ཁེངས་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་ཚོས་ཚོམས་ཆེན་གྱི་གྱང་ངོས་ནས་བྱེད་ནུས་བཀོད་སྒྲིག་གསལ་པོར་སྟོན་པའི་ནང་ལུས་གསོའི་སྤྲོ་གསེང་ཁུལ་ནས་རིག་གནས་རོལ་རྩེད་ཁང་བར་ཐོག་བརྩེགས་ཁག་གི་བྱེད་ནུས་ཁུལ་ཚང་མ་ཆ་ཚང་པོ་ཡོད་པ་མཐོང་བྱུང་། བྱེད་སྒོ་ཁང་དུ་རྒན་རྒོན་ཁ་ཤས་ཀྱིས་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ལུས་སྦྱོང་ལུས་རྩལ་རྩེ་བའམ་ཡང་ན་ཤོ་རྒྱག་བཞིན་ཡོད་པ་དང་། ཁ་ཤས་ཀྱིས་བརྩེ་བ་ཟབ་མོས་སྙན་ངག་གྱེར་འདོན་བྱེད་བཞིན་ཡོད། དངོས་ལུགས་གསོ་བཅོས་ཁང་དུ་ལས་དོན་པས་རྒན་རྒོན་ལ་དྲག་སྐྱེད་སྨན་བཅོས་བྱེད་བཞིན་ཡོད། ཨུ་རུ་སུའི་གསར་འགོད་པས་བཅར་འདྲི་བྱེད་སྐབས། བོད་ལུགས་ཀྱི་རོལ་ཆ་དབྱང་ཆིན་ལས་གྲགས་པའི་སྙན་འཇེབས་ལྡན་པའི་སྒྲ་གདངས་ཀྱིས་ཁོང་ཚོའི་ཡིད་དབང་བཀུག་ནས་དབྱང་ཆིན་དཀྲོལ་སྟངས་ཉམས་ལེན་བྱས་ཡོད། ལོ་80ལ་སླེབས་པའི་རྒན་མོ་ཚེ་སྐྱིད་ཀྱིས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དང་ཁ་འབྲལ་ཐབས་མེད་ཅེས་མྱོང་ཚོར་ཟབ་མོས་བརྗོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་ཚོས“རྒན་རྒོན་ཚོའི་འཚོ་བ་བདེ་སྐྱིད་ཁམས་བཟང”ཡིན་པ་དང་བོད་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐྱེ་བོ་ཀུན་གྱིས་མིག་མཐོང་ལག་ཟིན་ཐུབ་པ་ཞིག་ཡིན་པའི་ངོས་འཛིན་རྒྱ་ཁྱབ་ཏུ་བྱེད་ཀྱི་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སློབ་འབྲིང་དུ་སྐད་རིགས་མང་པོའི་སློབ་ཚན་གོ་རིམ་ལྡན་པའི་ངང་ཁྲིད་བཞིན་ཡོད་པ་དང་སློབ་གྲྭའི་རིག་གནས་སྣ་མང་ཕུན་སུམ་ཚོགས་པོ་ཡོད། སློབ་གསེང་ལ་སློབ་མ་ཚོས་ལུས་རྩལ་ཐང་དུ་ཁྱད་ཆོས་ལྡན་པའི་ཀོང་པོའི་ཞབས་བྲོའི་སློབ་གསེང་ལུས་རྩལ་བརྩེས་ནས་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་མངོན་བཞིན་ཡོད་ལ། ལུས་རྩལ་ཁང་དུ་བྱེད་སྒོ་སྣ་ཚོགས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་ཚོས་བཅར་འདྲི་བྱས་པ་ལས་སློབ་གྲྭ་དེ་1974ལོར་བཙུགས་ཤིང་། ད་ཆ་སློབ་ཁྲིད་འཛིན་གྲྭ་26དང་སློབ་མ་1200ལྷག་ཙམ་ཡོད། སློབ་མ་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡིན་པས་སློབ་གྲྭས་ཞག་སྡོད་ཀྱི་ཞབས་ཞུ་བསྒྲུབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་། ལོ་རིམ་བདུན་པའི་སློབ་མ་ཚེ་རིང་དབང་མོས་བཅར་འདྲི་དང་ལེན་བྱེད་སྐབས་སློབ་གྲྭའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པ་ཚོས་སློབ་གྲྭའི་ཞག་སྡོད་ཞབས་ཞུ་སྒྲུབ་སྟངས་ལས་ཐག་རིང་ས་ཁུལ་གྱི་ཕྲུ་གུ་ཚོར་འདྲ་མཉམ་དང་སྤུས་ལེགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་རྒྱུར་ཆ་རྐྱེན་བཏོད་པ་དེ་ནི་སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད་ཅེས་བརྗོད་པ་རེད།

    རྒྱུན་འཛིན་སྲུང་སྐྱོང་།

    སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་མཐུད་དང་གསར་གཏོད།

    བོད་ཀྱི་རིག་གནས་ཀྱི་གནས་རྟགས་ཡིན་པའི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལ་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་པས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད། བཅར་འདྲི་བྱེད་རིང་ཨར་པོ་བ་ཚོས་ཨར་ཀ་བཅག་ནས་ཁང་པ་ཉམས་གསོ་བྱེད་པའི་རྣམ་པ་ལས་གསར་འགོད་པར་སྤྲོ་སྣང་སྦྱིན་པས་ཁོང་ཚོས་པར་ཆས་བཏོན་ཏེ་ཁྱད་ཆོས་དམིགས་བསལ་ལྡན་པའི་རྣམ་པ་དེ་པར་དུ་བླངས་ཡོད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་དང་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་དང་ཆོས་དད་རང་མོས་འགན་སྲུང་སོགས་ཀྱི་གནད་དོན་ཐད་ལན་ཞིབ་ཕྲ་བརྒྱབ་པ་རེད།

    དབྱི་རག་རུའུ་ཏའོ་སྨྱན་སྦྱོར་ཚོགས་པའི་གསར་འགོད་པ་མ་ཧོ་ཏིས“ད་ཐེངས་བོད་དུ་ཡོང་བ་ལས་ངས་དེ་སྔོན་བོད་ལ་འཛིན་པའི་ལྟ་སྟངས་རྦད་དེ་འགྱུར་སོང་། འདི་གར་འཕེལ་རྒྱས་མྱུར་བ་མ་ཟད། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་། རིག་གནས་རྒྱུན་འཛིན་དང་ཆོས་ལུགས་སྲུང་སྐྱོང་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ནུབ་ཕྱོགས་སྨྱན་སྦྱོར་གྱིས་ཁྱབ་སྤེལ་བྱས་པའི་བོད་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་ནི་ངས་དངོས་སུ་མཐོང་བའི་སྣང་ཚུལ་དང་གཏན་ནས་འདྲ་ཡི་མི་འདུག ངས་དངོས་མཚོན་པར་གཞི་ཞིག་བཟོས་ནས་འཛམ་གླིང་ལ་བོད་ལྗོངས་ངོ་མ་ཞིག་བསྟན་ཏེ་མི་དེ་བས་མང་བར་འདི་གའི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཚོར་ཐུབ་པ་བྱེད་རྩིས་ཡོད”ཅེས་བརྗོད།

    འཕེལ་རྒྱས་ཀྱི་སྒུལ་ཤུགས།

    དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་དང་གདིང་ཤུགས།

    ལྷ་ས་གྲོང་ཁྱེར་ལན་ཧྭ་གཅེས་ནོར་ཀུང་སིས་འབྲི་གཡག་གི་རུས་ཐལ་རྫ་སྤྱད་ནས་རྫ་ཆས་མང་པོ་བཟོས་ཏེ་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་བྱས་པ་མ་ཟད། ད་དུང་བོད་རིགས་ན་གཞོན་ཚོར་ལས་ཞུགས་ཀྱི་གོ་སྐབས་ཀྱང་མཁོ་འདོན་བྱས་ཏེ་ཁོང་ཚོར་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་རོགས་བྱས་པས། བྱེད་སྟངས་དེར་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གངས་ལྷ་མེ་ཏོག་ས་མཐོའི་ཐབ་ཆས་བཟོ་གྲྭའི་ནང་དེང་རབས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་ནས་བྱེད་ནུས་ཁུལ་ཁག་གི་འཆར་འགོད་ལུགས་མཐུན་ཡིན་པ་མ་ཟད། ལས་མིའི་དབར་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱེད་ཀྱི་ཡོད། བཟོ་གྲྭ་དེའི་ལོ་རེའི་ཐོན་འབོར་གྲངས་ཁྲི་བརྒྱ་ཡན་ཟིན་ནས་ཡུལ་འདི་གའི་གྲོང་མིའི་འཚོ་བའི་དགོས་མཁོ་བསྐངས་པ་ཤེས་རྗེས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་པར་ལེན་བརྙན་ལམ་བཟོས་ཏེ་ཐོན་སྐྱེད་བྱ་ཡུལ་གྱི་བྲེལ་འཚུབ་ཆེ་བའི་རྣམ་པ་བཀོད་ཡོད། བོད་ལྗོངས་ཆེས་བྲིན་བོད་སྨན་བཟོ་གྲྭར་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་བོད་སྨན་རིག་གནས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་དེང་རབས་ཀྱི་ལག་རྩལ་གསར་གཏོད་ཤེས་རྟོགས་གཏིང་ཟབ་བྱས་ཏེ་མི་རིགས་ཀྱི་གསོ་རིག་སྨན་རྫས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནད་དོན་ལ་དམིགས་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་ཞིབ་གླེང་བྱས་པ་རེད།

    གཞན་ཡང་བཅར་འདྲི་ཚོགས་པས་ད་དུང་སྔོ་ལྗང་གིས་བརྒྱན་པའི་ལྷ་ས་གྲོང་ཁྱེར་གྱི་ལྷོ་རིའི་སྤྱི་གླིང་གི་མཛེས་པ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས། ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུའི་ཐུན་མོང་མ་ཡིན་པའི་མཛེས་པ་བཅས་ཉམས་སུ་མྱངས་པ་རེད། ལྷོ་རིའི་སྤྱི་གླིང་དུ་རི་པིན་གྱི་གསར་འགོད་པ་དང་གྲོང་མིའི་ཁྱིམ་ཚང་དབར་དྲོ་སྐྱིད་ཀྱི་རྣམ་པ་ཞིག་གྲུབ་པ་དང་། ཀ་ལ་གྲོང་ཚོའི་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པ། ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་75.5ལ་སྣེ་ལེན་ཞུས་ཏེ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་བཏོད་ཡོད། གྲོང་མི་དང་སྤེལ་རེས་བྱེད་སྐབས་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དབར་བོད་ཀྱིས་དོ་མཉམ་ཐབས་ཤེས་རྙེད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།