དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད(2021—2035ལོ་བར)》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-09

     ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད(2021—2035ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་ཐོབ་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་འདི་ཉིད“འཆར་མང་གཅིག་སྒྲིལ”གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་འཆར་འགོད་དུས་སྐབས་སུ་ཕྱོགས་ཡོངས་ནས་སླེབས་པར་མཚོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    《འཆར་འགོད》ནང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལེགས་བསྡུས་ཞིབ་ཚགས་ངང་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བྱས་ནས་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་གྱི་བར་མཐོངས་བཅོས་སྐྱོང་གི་སྤྱིའི་སྒྲོམ་གཞི་ཁ་གསལ་བཟོས་ཡོད།

    《འཆར་འགོད》ནང་བརྒྱུད་རིམ་ལྡན་པའི་བསམ་བློ་མཐའ་འཁྱོངས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རང་བྱུང་ས་ཁམས་ཆགས་ཚུལ་ལ་གཞིགས་ནས་ཚོད་འཛིན་ལམ་ཐིག་གསུམ་དང་བྱེད་ལས་གཙོ་བོ་ཐོན་ཁུལ་རྨང་གཞིར་བྱས་ཏེ། “སྲུང་བཅད་གཉིས་ཀྱིས་ཆུ་བོ་གཅིག་སྲུང་བ་དང་རྒྱུད་གསུམ་གྱིས་ལྟེ་བ་གཅིག་ལ་དམིགས་པའི”རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་སྤྱིའི་བཀོད་པ་ཆགས་པར་བྱ་རྒྱུ་ཡིན་ཞིང་། དེའི་ནང་གྲོང་ཁོངས་གྲོང་ཁྱེར་དང་གྲོང་རྡལ་བར་མཐོངས་ཀྱི་ཆགས་ཚུལ་གསར་པ་ནི་“ལྟེ་བ་གཅིག་དང་། གྲོང་ཁྱེར་གསུམ། སྒོ་མོ་བཞི་བཅས་ཕན་ཚུན་སྤེལ་ཟླར་བྱ་རྒྱུ”སྒྲོམ་གཞིར་བྱས་ནས་གྲོང་ཁྱེར་གྱི་བྱེད་ལས་བཀོད་པ་ལེགས་སུ་གཏོང་བར་ཤུགས་རྒྱག་རྒྱུ་ཡིན་པ་རེད།

    སྐྱེ་ཁམས་སྲུང་སྐྱོང་ཐད། 《འཆར་འགོད》ནང་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་སྟོང་སྨི་ངོས་གྲུ་9674.59དབྱེ་མཚམས་བཅད་དེ་ལྷ་ས་སྐྱིད་ཆུའི་ལུང་གཞུང་དང་། གཉན་ཆེན་ཐང་ལ། ཆུ་འགོ་གསོ་འཁྱོངས་སྐྱེ་ཁམས་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་རེད། ལོ་རྒྱུས་རིག་གནས་སྲུང་སྐྱོང་ཐད་བར་སྐོར་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་འཛུགས་སྐྲུན་ཕོན་ཆེན་གྱི་མཐའ་འཁོར་སྐྲུན་དངོས་ཀྱི་མཐོ་ཚད་དང་། གཞི་རྒྱ། ཁ་དོག ཡུལ་ལྗོངས་ལ་ལྟ་ས་སོགས་བར་མཐོངས་རྒྱུ་རྐྱེན་ལ་དོ་དམ་ཚོད་འཛིན་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་གནས་ཐོན་ཁུངས་དང་། རང་བྱུང་ཐོན་ཁུངས། ཡུལ་ལྗོངས་ཐོན་ཁུངས་བཅས་ཁྱོན་ཡོངས་ནས་སྲུང་སྐྱོང་བྱེད་པའི་བར་མཐོངས་མ་ལག་བཙུགས་ཏེ་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་རེད།

    དམངས་འཚོའི་བདེ་རྩ་ནི《འཆར་འགོད》ཀྱི་དོ་ཁུར་བྱེད་ས་གཙོ་བོ་དེ་ཡིན་ཞིང་། 《འཆར་འགོད》ནང་མི་སེར་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོ་དང་། སྨན་བཅོས། རྒན་གསོ། ལུས་རྩལ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་དགོས་མཁོར་དམིགས་ནས“གྲོང་ཁྱེར་དང་། རྫོང་། ཤང(གྲོང་རྡལ)”བཅས་རིམ་པ་གསུམ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་འཁོར་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།