ཁམ་བུའི་མེ་ཏོག་དུས་ཆེན་ལ་བརྟེན་ནས་སྐུ་མགྲོན་བསུ་བ།
ཟླ་4ཚེས་3ཉིན་གྱི་དགོང་མོར། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པ་འགོ་ཚུགས་པ་རེད། གཞི་རིམ་ནས་ཡོང་བའི་འཐུས་མི་ལྔ་ཡིས“ཁམ་བུའི་འོས་སྦྱོར་དཔོན”གྱི་ངོས་ནས་རིག་ནུས་འཕྲུལ་མི“རྡོ་རྗེ”དང་མཉམ་དུ་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ་རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཡོད། ལོ་རེའི་ཟླ་གསུམ་པའི་ཟླ་སྨད་དང་ཟླ་བཞི་པའི་ཟླ་སྟོད་ལ། པད་ཞིང་དང་ནས་ཞིང་ཁྲོད་གནའ་བོའི་ཁམ་སྡོང་1200ལྷག་ཙམ་གཅིག་ལ་གཅིག་འགྲན་གྱིས་མེ་ཏོག་རབ་ཏུ་བཞད་ཅིང་། གྲོང་མི་རྣམས་ཁམ་སྡོང་གླིང་གར་བྲེལ་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལ་ལས་ཚོང་ཟོག་འཚོང་བ་དང་ལ་ལས་གཙང་སྦྲ་བྱེད་པ་དང་། ཡང་ལ་ལས་འགྲིམ་འགྲུལ་གཤོང་བ་སོགས་ཞབས་ཞུ་འགན་སྲུང་ལས་ཀ་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་། འོན་ཀྱང་ལོ་56ལ་སླེབས་པའི་ཀ་ལ་གྲོང་ཚོའི་གྲོང་མི་ཉི་མ་ཆོས་སྐྱིད་ཁམ་སྡོང་གླིང་གའི་ནང་མཐོང་རྒྱུ་མེད་ཀྱང་། གྲོང་ཚོའི་ཕྱི་རོལ་གྱི་ཆུ་འགྲམ་དུ་ཁོ་མོ་དང་གྲོང་མི་འགའ་ཤས་ཁམ་སྡོང་ལ་ཆུ་རྒྱག་བཞིན་འདུག ང་ཚོས་ཁམ་སྡོང་མང་ཙམ་བཏབ་ན། སླད་ཕྱིན་ཁམ་བུའི་མེ་ཏོག་དེ་བས་མང་བ་བཞད་ངེས་རེད་ཅེས་ཁོང་གིས་བརྗོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ཤས་རིང་ཡུལ་སྐོར་བའི་དོ་སྣང་བྱ་ཡུལ་ལ་འགྱུར་ལྡོག་ཕྱིན་པ་སྟེ། སྟབས་བདེའི་ཡུལ་སྐོར་པར་རྒྱག་དང་བོད་ཆས་གྱོན་ནས་པར་རྒྱག་པ་ཁོ་ན་མིན་པར། ཁོང་ཚོས་དོ་སྣང་བྱེད་པ་ནི་ཡུལ་སྐོར་གཏིང་ཟབ་བྱེད་པ་དེ་རེད། བོད་ཆས་དང་གྱོན་ཆས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། ཁམ་བུའི་མེ་ཏོག་རྒྱབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ། ཐ་ན་ས་གནས་དེ་གའི་ཞིང་འབྲོག་པའི་རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་བཅས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
ཡུལ་སྐོར་བའི་དགོས་མཁོ་གསར་པར་དམིགས་ནས། ད་ལོ་ས་གནས་དེ་གས་ལོ་རྒྱུས་གཏིང་ཟབ་པ་དང་། རིག་གནས་ཀྱི་ནང་དོན་ལྡན་པ། ཉམས་ལེན་གྱི་ཚོར་སྣང་ལྡན་པ་བཅས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་བཏོན་པ་སྟེ། སྐབས་འདིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཐོག “དཔྱིད་དུས་ཁམ་བུའི་མེ་ཏོག་གང་སར་བཞད་པའི”ཁྲོད་ཀྱི་ཞིམ་ཟས་ཉམས་ལེན་དང་། “ཁམ་བུའི་མེ་ཏོག་གི་ཕྱག་རྟགས་ཡོད་པའི”ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། གསར་གཏོད་མཛེས་འཆོས་རླངས་འཁོར་སྐོར་སྐྱོད་སོགས་བོད་ཀྱི་ཁྱད་ཆོས་དང་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་20ལྷག་ཙམ་འདེགས་སྐྱོར་དུ་བྱས་ཏེ། “སྐུ་ཁམས་བཟང་། ཉིང་ཁྲི”ཞེས་པའི་རོལ་དབྱངས་དགའ་ནེའུ་དུས་ཆེན་དང་དམངས་སྲོལ་ལུས་རྩལ་འགྲན་ཚོགས་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་རང་སོར་བཞག་ཡོད་པ་མ་ཟད། ད་དུང་བྱེད་སྒོ་སྣ་ཚོགས་གསར་གཏོད་བྱས་ནས་སྤེལ་ཏེ། ཁམ་བུའི་མེ་ཏོག་དུས་ཆེན་རིང་གནངས་འཆར་བཞིན་འཁྲབ་སྟོན་ཡོད་པ་དང་ཉིན་ལྟར་ངོ་མཚར་ཆེ་བའི་བྱེད་སྒོ་ཡོད་པའི་འགན་ལེན་བྱས་ཡོད།
(《འོད་ཟེར་ཉིན་རེའི་ཚགས་པར》2025ལོའི་ཟླ་4ཚེས་6ཉིན་གྱི་པར་ངོས་2པ་ནས་དྲངས)