དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དཔྱིད་དཔལ་བཞད་པའི་ས་མཐོར་སྐྱོད་པའི་ཡུལ་སྐོར་མེ་འཁོར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-04-08

    ལོ་68ལ་སླེབས་པའི་སེང་ཀ་ཕོར་གྱི་ཡུལ་སྐོར་བ་ཧུའུ་ཧྲུའུ་ལན་གྱིས་སྡོད་སའི་རྐུབ་སྟེགས་ཐོག་འདྲ་པར་ལ་ལྟ་བཞིན་དུ“འདི་གདང་ལ་རེད། འདི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རེད། ད་ཐེངས་ནི་ང་མེ་འཁོར་བསྡད་དེ་བོད་ལ་ཡོང་ཐེངས་དང་པོ་ཡིན། ཧ་ཅང་བརྗེད་པར་དཀའ་བའི་ལྗོངས་རྒྱུ་ཞིག་རེད”ཅེས་བཤད། བོད་དུ་ཡུལ་སྐོར་ཉིན་9བྱས་ཟིན་རྗེས། ཧུའུ་ཧྲུའུ་ལན་ད་དུང་མུ་མཐུད་ཡུལ་སྐོར་བྱེད་འདོད་ཀྱི་བློ་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། མེ་འཁོར་དུ་ལོ་60ཡན་ལ་སླེབས་པའི་རྒན་རྒོན་ཡུལ་སྐོར་བའི་བསྡུར་ཚད་70%ཟིན་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཀྲེ་ཅང་། ཧུའུ་ནན། ཤང་ཀང་སོགས་ཀྱི་ཡུལ་སྐོར་བ་ཡོད་ལ་ད་དུང་སིང་ཀ་ཕོར་ནས་ཡོང་བའི་ཡུལ་སྐོར་ཚོགས་པའང་ཡོད་པ་རེད།

    མེ་འཁོར་འགོ་འཛིན་ཝང་ལུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་བ་ཚང་མའི་བདེ་འཇགས་འགན་སྲུང་བྱ་ཆེད། མེ་འཁོར་གྱི་གསོ་རླུང་ཡོད་པའི་ཉལ་ཁྲིའི་འཁོར་སྒྲོམ་ཚང་མར་ཆེད་ལས་ཀྱི་སྨན་དོན་པ་དང་གསོ་རླུང་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་རེད། “ང་ཚོས་མེ་འཁོར་འདི་བཏང་ནས་ས་མཐོའི་དབུ་དཀར་ཡུལ་སྐོར་མེ་འཁོར་གྱི་བདེ་འཇགས་འགན་སྲུང་ནུས་པ་སྔར་བས་ཆེ་རུ་བཏང་ནས། རྗེས་སུ་ས་མཐོར་དབུ་དཀར་ཡུལ་སྐོར་མེ་འཁོར་དེ་བས་མང་བ་གཏོང་བར་རྨང་གཞི་ཡག་པོ་འདིང་གི་ཡིན”ཞེས་ཝང་ལུའུ་ཡིས་བཤད།

    འཐུས་སྒོ་ཚང་བའི་སྨན་བཅོས་འགན་སྲུང་ཕུད། མེ་འཁོར་དུ་ད་དུང་རིག་རྩལ་གྱི་ཁྱད་ཆོས་ཀྱང་བསྣན་ཡོད་དེ། འཁོར་སྒྲོམ་གྱི་བར་ཁྱམས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྲ་རྒྱན་ཡིན་ནའང་འདྲ་ཡང་ན་མེ་འཁོར་གྱི་ཤེལ་སྒོའི་སྟེང་གི་ཁྲ་མའི་སྦྱར་རིས་གང་ཡིན་རུང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། འགྲུལ་བཞུད་དེ་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ད་དུང་རིག་རྩལ་ཡན་ལག་རུ་ཆུང་མངགས་ཏེ་ཡུལ་སྐོར་བ་ཚོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིག་རྩལ་ལེ་ཚན་ཡང་བཀོད་སྒྲིག་བྱས་ཡོད།

    ཡུལ་སྐོར་བ་ལི་ཀྲེན་ཝུའུ་ལ་བརྗེད་པར་དཀའ་ཤོས་ནི། ཉིང་ཁྲིའི་རི་ཀླུང་ཀུན་ཏུ་བཞད་པའི་ཁམ་བུའི་མེ་ཏོག་རེད། “ཟི་ལིང་དུ་མེ་འཁོར་ལ་འཛུལ་སྐབས་གྲང་རླུང་འུར་འུར་དུ་ལྡང་གི་འདུག ཉིང་ཁྲིར་སླེབས་ནས་མེ་འཁོར་ལས་འབབ་སྐབས་དཔྱིད་ཉམས་དངོས་སུ་ཚོར་བྱུང་། ཡུལ་སྐོར་མེ་འཁོར་འདི་ཡོད་པས་ཕྱིས་སུ་ཉིང་ཁྲིར་ཡུལ་སྐོར་བ་དེ་བས་མང་བ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ལི་ཀྲེན་ཝུའུ་ཡིས་བཤད།

    མཚོ་བོད་ཚོགས་པ་ཀུང་སིའི་ཟོག་མགྲོན་དོ་དམ་པུའི་པུའུ་ཀྲང་གཞོན་པ་ལི་ཞ་ཡིས། ལྕགས་ལམ་ཡུལ་སྐོར་ལ་བདེ་འཇགས་ལྡན་ལ་བློས་འཁེལ་བ་དང་དུས་ཚོད་ཏག་ཏག་ལ་འབྱོར་བ་སོགས་ཀྱི་ལེགས་ཆ་ཡོད། མཚོ་བོད་ས་མཐོ་ནི་ལྕགས་ལམ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ས་ཁུལ་ཡག་པོ་ཞིག་རེད། “དཔྱིད་ཀར་བོད་དུ་ཁམ་བུའི་མེ་ཏོག་ལ་ལྟ་བར་འགྲོ་བར་ཕུད། ང་ཚོས་ད་དུང་དབྱར་ཁའི་ཚ་གཡོལ་ཆེད་གཏོང་མེ་འཁོར་དང་། སྟོན་ཀའི་པར་རྒྱག་ཆེད་གཏོང་མེ་འཁོར། དགུན་ཁའི་གངས་འཁྱགས་ཆེད་གཏོང་མེ་འཁོར་སོགས་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་བར་གདམ་ག་དེ་བས་མང་བ་གཏོད་རྒྱུ་ཡིན་ལ་ལྕགས་ལམ་ཡུལ་སྐོར་འདི་ཉིད་ས་མཐོའི་ཡུལ་སྐོར་བའི་གདམ་ག་དང་པོར་འགྱུར་ཐབས་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས།

    “མཁའ་ལམ་གྱི་སྐལ་བཟང་མེ་ཏོག་ནས་ཁྱེད་ལ་དྲན་སྐུལ་ཞུ་རྒྱུར། ཟི་ལིང་བབས་ཚུགས་སུ་སླེབས་ཉེར་འདུག”ཅེས་རྒྱང་བསྒྲགས་ནས་སྒྲ་གྲགས་མ་ཐག བོད་དུ་སྐྱོད་པའི་དཔྱིད་དཔལ་སྒེག་མོའི་མེ་འཁོར་གྱི་འགྲུལ་བཞུད་ལ་རྫོགས་ཤད་འཐེན། ཡུལ་སྐོར་བ་ཤེ་དབྱིང་ཀོང་གིས་གྲོགས་ཚོམས་སུ“གདང་ལ་བརྒལ། རོང་ཆེན་བརྒྱུད། ཁམ་བུའི་མེ་ཏོག་བཞད་པའི་ས་མཐོར་དཔྱིད་དཔལ་ཉམས་ཀྱིས་ཕྱུག ས་མཐོ་འདི་འདྲའི་མཛེས་པ་ལ། རྗེས་སུ་མཇལ་ཡོང”ཞེས་བྲིས་ནས་བསྐུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།