གློག་སྒུལ་རྐང་འཁོར་བདེ་འཇགས་ངང་སྤྱོད་དགོས། (གཅིག)
ཉེ་བའི་ལོ་ཤས་རིང་། གློག་སྒུལ་རྐང་འཁོར་སྒྲིག་འགལ་ངང་འཇོག་པ་དང་། གློག་གསོག་པ། བཟོ་བཅོས་རྒྱག་པ་བཅས་ལས་མེ་སྐྱོན་ཐོན་དང་ཐོན་མུས་རེད། གནས་ཚུལ་དེ་ལས་ང་ཚོ་ཚང་མར་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སྣང་ཆུང་ཡེ་ནས་བྱེད་རྒྱུ་མེད་པའི་དྲན་སྐུལ་བྱེད་བཞིན་ཡོད།
གཅིག གློག་སྒུལ་རྐང་འཁོར་ལ་ཐོན་སླ་བའི་མེ་སྐྱོན་ཉེན་ཁ།
1.གློག་གསོག་པའི་དུས་ཚོད་རིང་དྲགས་པ། གློག་སྒུལ་རྐང་འཁོར་གྱི་གློག་གསོག་དུས་ཚོད་རིང་དྲགས་ན་གློག་རྫས་ཚ་པོ་ཆགས་སྲིད། མི་ཁག་གཅིག་གིས་མཚན་གང་གློག་གསོག་ནས་འཇོག་པ་མ་ཟད། ཐ་ན་ཆུ་ཚོད་10བརྒལ་ནས་གློག་གསོག་གི་ཡོད། དེ་ལྟར་བྱས་ན་མེ་སྐྱོན་དེ་བས་ཐོན་སླ་པོ་ཡོད།
2.གློག་སྐུད་ཁྲིད་ནས་གློག་གསོག་པ། དོ་བདག་གིས་ཕྱི་རོལ་དུ་རང་དགར་གློག་སྐུད་ཁྲིད་ན་གློག་སྐུད་ཉི་འོད་ཀྱིས་བཙེས་པ་དང་ཆར་པས་འབངས་ནས་ཕོ་གློག་མོ་གློག་ཐུག་སྟེ་མེ་སྐྱོན་ཐོན་སླ་པོ་ཡོད། གལ་སྲིད་གློག་སྐུད་རྙིང་པ་ཆགས་པའམ་ཡང་ན་གློག་སྒུལ་རྐང་འཁོར་གྱི་གློག་རྫས་ལ་སྐྱོན་ཤོར་བ་ཡིན་ན་མེ་སྐྱོན་དེ་བས་ཐོན་སླ་པོ་ཡོད།
3.སྒྲིག་འགལ་གྱིས་ཁང་པའི་ནང་དུ་གློག་གསོག་པ། དོ་བདག་ཁག་གཅིག་གིས་ཁང་པའི་བགྲོད་ལམ་དང་། བར་ཁྱམས། བདེ་འཇགས་ཐོན་སྒོ་སོགས་སྤྱི་པའི་ས་ཁོངས་སུ་གློག་སྒུལ་རྐང་འཁོར་འཇོག་པའམ་ཡང་ན་གློག་བསགས་ནས་འཇོག་གི་ཡོད། གལ་ཏེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་ཚེ་བྲོས་ལམ་ཐད་ཀར་བཀག་ནས་མི་སྣ་ཤི་རྨས་ཀྱི་ཉེན་ཁ་ཆེན་པོ་ཡོད།
4.སྤུས་ཀ་ཞན་པའི་གློག་གསོག་ཡོ་ཆས་སྤྱོད་པ། རིན་གོང་དམའ་བ་དང་སྤུས་ཚད་ཞན་པའི་གློག་གསོག་ཡོ་ཆས་ནང་ཚ་སེལ་རླུང་གཡབ་དང་ཚ་སེལ་ངོས་ལེབ་ཁོ་ན་ལས་སྲུང་སྐྱོབ་ངོས་ལེབ་མེད་པས་རང་ངོས་སྲུང་སྐྱོབ་དང་རང་འགུལ་གློག་ཆད་ཀྱི་ནུས་པ་ལྡན་མི་སྲིད།
5.སྒྲིག་འགལ་ངང་གློག་སྒུལ་རྐང་འཁོར་བཟོ་བཅོས་གང་བྱུང་རྒྱག་པ། དོ་བདག་ཁག་གཅིག་གིས་གློག་སྒུལ་རྐང་འཁོར་གྱི་གློག་ཁུངས་རང་དགར་བཟོ་བཅོས་རྒྱག་གི་ཡོད་པས། དེས་རྐང་འཁོར་གྱི་སྐུད་ལམ་གྱི་བདེ་འཇགས་ནུས་པ་ཞན་དུ་འགྲོ་གི་ཡོད། དེ་འདྲ་བྱས་ན་གློག་གསོག་སྐབས། རྐང་འཁོར་གྱི་གློག་སྐུད་ཚ་པོ་ཆགས་པའམ་ཡང་ན་གློག་སྐུད་ཕོ་མོ་ཐུག་ནས་མེ་སྐྱོན་འབྱུང་བའི་ཉེན་ཁ་དེ་བས་ཆེ་བ་ཡོད།
གཉིས། གློག་སྒུལ་རྐང་འཁོར་ཇི་ལྟར་བྱས་ནས་འདེམས་ཉོ་བྱེད་དགོས་སམ།
1.སྐད་གྲགས་ཆེ་བ་དང་ཀུན་གྱིས་བསྔགས་བརྗོད་བྱེད་པའི་གློག་སྒུལ་རྐང་འཁོར་གྱི་ཚོང་རྟགས་འདེམས་ཉོ་བྱེད་དགོས།
2.ཐོན་རྫས་ཀྱི“འགན་ལེན་གསུམ”གྱི་དུས་བཀག་དང་ས་གནས་དེ་གའི་བཙོངས་རྗེས་ཀྱི་ཞབས་ཞུའི་དྲ་ཚིགས་ཀྱི་གྲངས་འབོར་ལ་བལྟས་ནས་ཉོས་རྗེས་བདག་སྐྱོང་ཡག་པོ་ཡོང་ཐབས་བྱེད་དགོས།
3.རྐང་འཁོར་གྱི་CCCཡི་ཁས་ལེན་དཔང་འདོན་གྱི་མཚོན་རྟགས་ལ་ཞིབ་བཤེར་བྱས་ནས། ཚད་ལོན་ལག་ཁྱེར་དང་རྐང་འཁོར་གྱི་ཕྱི་ངོས་གསར་རྐྱང་ཡིན་མིན་ཞིབ་བཤེར་བྱེད་དགོས་པ་དང་། ལྷག་དོན་དུ་མི་སྡོད་སའི་རིང་ཐུང་ལ་ལྟ་དགོས། གལ་སྲིད་རྒྱུན་གཏན་ལྟར་མེད་ན་བརྒྱུད་ཚོང་པས་རང་དགར་བཟོ་བཅོས་བརྒྱབ་པ་ཡིན་སྲིད། བཟོ་བཅོས་ཆེན་པོ་བརྒྱབ་ཡོད་ན་གློག་སྒུལ་རྐང་འཁོར་གཏོང་སྐབས་ཉེན་ཁ་ཆེན་པོ་ཡོད།
4.རང་དགར་བཟོ་བཅོས་རྒྱག་པའམ་ཡང་ན་ཚོང་པར་བཟོ་བཅོས་རྒྱག་པའི་རེ་བ་འདོན་མི་རུང་། དེ་ལྟར་བྱས་ན་འགྲོ་སྐབས་ཉེན་ཁ་ཆེན་པོ་ཡོད།
(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)