ཁམ་བུའི་མེ་ཏོག་རབ་ཏུ་བཞད། རི་ཀླུང་མཛེས་ལྗོངས་ལྟ་ན་སྡུག
—— ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པའི་མཐོང་ཐོས།
འདི་ནི་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་གི་མཛེས་ལྗོངས་ཡིན་པ།
ད་ལྟ་ནི་ཉིང་ཁྲིར་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་ཡག་ཤོས་སུ་སླེབས་ཤིང་། གསར་འགོད་པ“ཁམ་བུའི་མེ་ཏོག་གི་གྲོང་ཚོ”ཞེས་སྙན་པའི་གྲགས་པ་གང་སར་ཁྱབ་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འབྱོར་སྐབས། དེ་གར་ཡུལ་སྐོར་བ་མང་པོས་འཛུམ་པའི་ཞལ་དང་དགའ་བའི་གཏམ་གྱིས་འདི་གའི་མཛེས་ལྗོངས་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་མཆིས།
གྲོང་ཚོ་དེ་ནི་2021ལོའི་ཟླ་7ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་གྲོང་མིའི་འཚོ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སོགས་ལ་གཟིགས་ཞིབ་གནང་བའི་གྲོང་ཚོ་དེ་རེད།
དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བའི་དཔེ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ཚོས་ལམ་བར་གྱི་ངལ་བར་མ་འཛེམས་པར་དམར་མདངས་འཕྲོ་བའི་ཁམ་བུའི་མེ་ཏོག་དང་སེར་ཐིང་ཐིང་གི་པད་ཁའི་མེ་ཏོག་ཕན་ཚུན་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཞད་པའི་མཛེས་ལྗོངས་ལ་རོལ་བཞིན་འདུག
མཐའ་བཞི་སྔོ་ལྗང་གིས་ཡོངས་སུ་བཀླུབས་པའི་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་དུ་ཡུལ་སྐོར་བ་མང་པོས་ལག་ཏུ་ཁ་པར་དང་པར་ཆས་ཐོགས་ཤིང་། རེ་འགས་ནང་མི་སྤུན་མཆེད་དང་ལྷན་དུ་དྲན་རྟེན་གྱི་པར་རྒྱག་བཞིན་ཡོད་པ་དང་། ཁག་གཅིག་གིས་མཛེས་ལྗོངས་པར་དུ་ལེན་བཞིན་སྐད་འཕྲིན་ནང་མཉམ་སྤྱོད་བྱེད་བཞིན་འདུག ཡང་ལ་ལས་རྐུབ་སྟེགས་ཐོག་ངལ་གསོ་བཞིན་མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་བའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ་ནི་ལུས་སེམས་གསོ་བའི་བདུད་རྩི་དང་གཉིས་སུ་མ་མཆིས། གཞན་ཡང་། དེ་གར་མདའ་འཕེན་པ་དང་། རྟ་དང་གཡག་བཞོན་པ། མི་རིགས་ཀྱི་རྒྱན་གོས་གྱོན་པ་སོགས་སྤྲོ་སྣང་ལྡན་པའི་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་བྱེད་བཞིན་འདུག
དེང་གི་ཆར་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་འགྲོ་བ་དང་བསྟུན་ནས་མི་མང་པོས་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཕྱིར་ཡུལ་སྐོར་ལ་འགྲོ་བ་ནི་སེམས་ལ་སྤྲོ་སྣང་འཕེལ་བའི་གདམ་ག་ཡག་ཤོས་ཤིག་ལ་གྱུར་ཡོད།
ལོ་རེའི་ཟླ་3པ་དང་ཟླ་4པར་ཁམ་བུའི་མེ་ཏོག་བཞད་པའི་སྐབས་སུ་ཕྱོགས་ཁག་ནས་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་གི་ཡོད་ཅིང་། སྤ་སེའི་རིན་གོང་མི་རེར་སྒོར་30ཡིན་པ་དང་ཕྲུ་གུར་སྤ་སེ་ཉོ་དགོས་ཀྱི་མེད། ཡོང་འབབ་ཚང་མ་གྲོང་ཚོའི་མང་ཚོགས་ལ་བགོ་འགྲེམས་རྒྱག་གི་ཡོད་ཅེས་གྲོང་ཚོའི་ལས་དོན་པས་གསར་འགོད་པར་ངོ་སྤྲོད་བྱས།
ད་ཆ་ལྷ་ས་ནས་ཉིང་ཁྲིར་སྐྱོད་པར་སྟབས་ཧ་ཅང་བདེ་པོ་འདུག ད་ཐེངས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་སྐབས་དང་བསྟུན་ནས་ནང་མི་དང་མཉམ་དུ་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་བ་ཡིན། འདིར་ཁམ་བུའི་མེ་ཏོག་ཧ་ཅང་གི་མཛེས་པོ་འདུག ཕྲུ་གུ་ཁྲིད་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་བྱས་ན་སྐྱིད་པོ་འདུག་ཅེས་ཡུལ་སྐོར་བ་བསམ་སྐྱིད་སྒྲོལ་མས་གསར་འགོད་པར་བཤད་བྱུང་།
རང་བྱུང་ཐོན་ཁུངས་ཀྱི་ཐུན་མིན་གྱི་ལེགས་ཆར་བརྟེན་ནས་ཀ་ལ་གྲོང་ཚོས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཁམ་བུའི་མེ་ཏོག་གི་མིང་བྱང་སྔར་ལས་ལེགས་པར་གཏོད་པའི་འབད་འཐབ་ཀྱི་ལམ་བུར་ཆས་དང་ཆས་མུས་རེད། སྣ་མང་གི་འཕེལ་རྒྱས་ཁྲོད་ཀ་ལ་གྲོང་ཚོས་ལོ་རེའི་ཁམ་བུའི་མེ་ཏོག་གི་དུས་ཆེན་གཙིགས་སུ་བཟུང་བས་གྲོང་གསེབ་དར་རྒྱས་འགྲོ་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་རེད།
སླད་ཕྱིན་ཀ་ལ་གྲོང་ཚོ་ནི་ཁམ་བུའི་མེ་ཏོག་ལྟར་དེ་བས་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་ཡོང་ངེས་ཡིན་པ་གསར་འགོད་པར་ཡིད་ཆེས་བརྟན་པོ་སྐྱེས།