བོད་ཀྱི་བུད་མེད་ཀྱིས“གནམ་ཕྱེད་ཀ་འདེགས་པའི”ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
—— རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་ལྷ་མོར་བཅར་འདྲི་ཞུས་པ།
1959ལོའི་བོད་ཀྱི་དཔྱིད་ཀ་ནི་ཧ་ཅང་སྤྱིར་བཏང་མིན་པའི་དཔྱིད་ཀ་ཞིག་ཡིན་པ་སྟེ། ཞིང་བྲན་ཁྲི་ཚོ་བརྒྱ་མི་རབས་ནས་མི་རབས་བར་གྱི་ལྕགས་སྒྲོག་ལས་རྦད་དེ་ཐར་ཡོད། ཡར་ལངས་ཞིང་བྲན་ཚོས་གན་རྒྱ་མེར་བསྲེགས་ཏེ་རང་མིང་བརྐོས་པའི་ཤིང་བྱང་རང་ཉིད་ལ་དབང་བའི་ས་ཞིང་སྟེང་བཙུགས་ཤིང་། དུས་དེ་ནས་བཟུང་རང་ཁྱིམ་རང་བདག་བྱུང་ཡོད།
ཟླ་3ཚེས་28ཉིན། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་17པ་འཆར་བའི་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་སྤེན་པ་ལྷ་མོས་ འདི་ག་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་རྙིང་པའི་རྗེས་ལུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལམ་ལུགས་མེད་པར་བཟོས་པས། བོད་མི་དམངས་དང་ལྷག་པར་དུ་རྒྱ་ཆེའི་བུད་མེད་རྣམས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་ལམ་ལུགས་འོག་གི་གཉའ་གནོན་དང་བཤུ་གཞོག་ལས་ཐར་ནས་བཅིངས་འགྲོལ་ངོ་མ་ཐོབ་ཡོད་ཅེས་གསུངས་པ་རེད།
སྤེན་པ་ལྷ་མོས་ངོ་སྤྲོད་གནང་དོན། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས། རྒྱལ་ཁབ་ཀྱི་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དོན་འཁྱོལ་བྱས་ཏེ། བོད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་མེད་པ་ནས་ཡོད་པར་གྱུར་པ་དང་། བོད་ཀྱི་བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་གྱི་སྲོལ་ལམ་དུ་སླེབས་ནས། རྩ་ཁྲིམས་དང་། བཅའ་ཁྲིམས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྱིམ་ཚང་སོགས་ཕྱོགས་ཁག་གི་བུད་མེད་ཀྱི་ཁེ་དབང་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཡོད།
ཆབ་སྲིད་ཀྱི་དབང་ཆ་རྒྱ་ཁྱབ་ངང་ལོངས་སུ་སྤྱོད་རྒྱུ་བྱུང་བ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱི་ཆབ་སྲིད་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་བུད་མེད་འཐུས་མིའི་བསྡུར་ཚད་20%ལས་ཉུང་མི་ཆོག་པ་དང་། ཐབས་ཇུས་དོ་དམ་དང་སྤྱི་ཚོགས་ལས་དོན་ནང་ཞུགས་པའི་བསྡུར་ཚད་དང་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ངལ་རྩོལ་དབང་ཆ་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་བྱུང་བ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་བུད་མེད་ལ་ཁྲིམས་ལྟར་འདྲ་མཉམ་གྱི་ལས་ཞུགས་དང་ཐོབ་ཆ་དང་། སྡོད་ཁང་བགོ་བཤའ། ཕན་བདེའི་ཐོབ་ཐང་དང་སྤྱི་ཚོགས་འགན་བཅོལ་ལོངས་སྤྱོད་ཐུབ་པ། དམིགས་བསལ་གྱི་ངལ་རྩོལ་སྲུང་སྐྱོང་ཐོབ་པ་དང་དེ་བཞིན་གོ་གནས་སྤོར་བ་དང་རིམ་པ་སྤོར་བ། ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་བསྡུར་གཏན་འབེབས་སོགས་ཐད་ཀྱི་ངལ་རྩོལ་ལས་ཞུགས་དབང་ཆ་དང་སྤྱི་ཚོགས་འགན་སྲུང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། རྒྱ་ཆེའི་ལས་ལ་བརྩོན་པའི་བུད་མེད་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ལས་རིགས་ཁག་ཏུ“གནམ་ཕྱེད་ཀ་འདེགས་པའི”ནུས་པ་འདོན་བཞིན་ཡོད།
རིག་གནས་སློབ་གསོའི་དབང་ཆ་ལོངས་སུ་གང་ལེགས་སྤྱོད་རྒྱུ་བྱུང་བ། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། བོད་ཀྱི་བུད་མེད་སློབ་གྲྭར་ཞུགས་པ་དང་སློབ་གསོ་ཐོབ་དབང་ལ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རིག་གནས་བྱང་ཚད་དང་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 1963ལོར་ལྷ་ས་སློབ་འབྲིང་གི་སྐབས་དང་པོའི་སློབ་ཐོན་སློབ་མའི་ཁྲོད་བུད་མེད་སློབ་ཐོན་སློབ་མས་30%བཟུང་ཡོད། དེ་རྗེས་བོད་ཀྱི་བུད་མེད་སློབ་གྲྭར་ཞུགས་ཚད་དང་སློབ་གྲྭ་ཐོན་ཚད་ལོ་རེ་བཞིན་མང་དུ་ཕྱིན་ཡོད།
བདེ་ཐང་གི་དབང་ཆ་ཕྱོགས་ཡོངས་ནས་ལོངས་སུ་སྤྱོད་རྒྱུ་བྱུང་བ། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་བྱུང་ནས། ལྟེ་བའི་གྲོང་ཁྱེར་དུ་ཁྱབ་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དྲ་ཚིགས་སུ་བྱས་པའི་སྨན་བཅོས་སྐྱོབ་བཅོས་དང་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་པས། བུད་མེད་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་ལག་བསྟར་བྱས་ཏེ། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བའི་ཐོགས་མེད་བགྲོད་ལམ་བཙུགས་པ་མ་ཟད། འགྲོ་གྲོན་ཚང་མ་རྩིས་ཞུ་བྱེད་ཀྱི་ཡོད། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མའི་ནད་ལྕིའི་རྗེས་སྙེགས་ལྟ་ཞིབ་ཚད་ལེན་དེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་དུ་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།
“བོད་ཀྱི་བུད་མེད་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་གྱི་མཚོན་བྱེད་རང་བཞིན་གྱི་གྲས་ཤིག་ཡིན་ཞེས་བརྗོད་ཆོག སྔོན་ཆད་རྒྱ་ཆེའི་བུད་མེད་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་ད་ལྟ་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད” སྤེན་པ་ལྷ་མོས་དེང་གི་བོད་དུ་མི་རིགས་ཁག་གི་བུད་མེད་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གར་སྟེགས་ཐོག་བསྐྱོད་དེ། གལ་འགངས་ཆེ་བའི“གནམ་ཕྱེད་ཀ་འདེགས་པའི”ནུས་པ་ཉིན་བཞིན་འདོན་བཞིན་ཡོད་པས། བོད་ཀྱི་བུད་མེད་རྣམས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་ངོ་མཚར་ཆེ་བའི་མི་ཚེའི་ལེའུ་གསར་པ་རྩོམ་བཞིན་ཡོད།