ཅང་ཤིས་ཀྱིས་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།
2023ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཤིས་ལ་རྟོག་ཞིབ་གནང་སྐབས“བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།
ཅང་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། “གསར་གཏོད”ཀྱི་ངར་ཤུགས་འཕེལ་བ་དང་། “མདུན་སྐྱོད”ཀྱི་སྟོབས་ཤུགས་སྐུལ་སློང་། “ལས་སྒྲུབ”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ལྗང་མདོག་ཕྱོགས་སྒྱུར་གྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་སྟེ་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་བརྒྱབ་ཡོད།
ནུས་རྒྱུའི་གྲུབ་ཆར“ཐཱན་ཉུང་གཏོང”བྱས་ནས་ལྗང་མདོག་གི་རྨང་གཞི་བརྟན་དུ་བཏང་བ།
རྒྱལ་ཁབ་གློག་དྲ་ནུས་རྒྱུ་གསར་པ་ཅང་ཤིས་ཧྥུང་ཤིན་ཆུ་འཐེན་ནུས་གསོག་གློག་ཁང་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་ལས་གྲྭའི་རླངས་འཁོར་ཚ་ཚ་འུར་འུར་ངང་འགྲོ་འོང་བྱེད་བཞིན་ཡོད། རྣམ་གྲངས་ཀྱི་འགན་འཁུར་བ་ཙའུ་ཡིའུ་ཕིང་གིས“གློག་ཁང་དེའི་སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་120དང་ལོ་རེའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་12ཇུས་འགོད་བྱས་ཡོད། ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ལོ་རེར་རྡོ་སོལ་ཏུན་ཁྲི་14.3གྲོན་ཆུང་ཐུབ་པ་དེ་རྡོ་སོལ་མེ་འཁོར་གྱི་འཁོར་སྒྲོམ་2400གྲོན་ཆུང་བྱས་པ་དང་གཅིག་མཚུངས་རེད”ཅེས་བཤད།
ཅང་ཤིས་ཀྱིས་རྡོ་སོལ་གྱི་སྤུས་ཚད་དང་རིམ་པ་དབྱེ་བའི་དྭངས་གཙང་ནུས་ཆེའི་བེད་སྤྱོད་བྱ་སྤྱོད་ལག་བསྟར་བྱས་ཏེ“གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ”དང“སོལ་རླངས་ཀྱིས་རྡོ་སོལ་གྱི་ཚབ་བྱེད་པ”སོགས་ནུས་རྒྱུ་ཚབ་བྱེད་འདུ་འགོད་ལ་སྐུལ་འདེད་བཏང་ནས་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་ཞིང་། མིག་སྔར་ཅང་ཤིས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་ཚད་ཀྱིས་སྤྱིའི་གློག་འདོན་ཚད་ཀྱི་བསྡུར་ཚད་བཟུང་ཚད་50%ལས་བརྒལ་ཡོད།
སྲོལ་རྒྱུན་ཐོན་ལས་ཀྱི་ཐཱན་དམའ་རུ་བཏང་ནས་ལྗང་མདོག་གི་རང་མདངས་མངོན་པ།
རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་ནན་ཁྲང་བསྲེས་ལྕགས་མཁྲེགས་པོ་ཚད་ཡོད་འགན་འཁྲི་ཀུང་སིར་སྐྱོད་སྐབས། གང་སར་སྔོ་ལྗང་གིས་ཁེངས་ཤིང་། འདབ་ཆགས་ཀྱི་སྐད་སྒྲ་སྙན་པས་དེ་ནི་ལོ་60ཙམ་གྱི་ལོ་རྒྱུས་ལྡན་པའི་ཁེ་ལས“རྙིང་པ”ཞིག་ཡིན་པ་བསམ་ཡུལ་ལས་འདས་པ་ཞིག་འདུག
སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་དམིགས་ནས། ཅང་ཤིས་ཀྱིས་ཁེ་ལས་2500ལྷག་ཙམ་ལ་ལྗང་མདོག་སྒྱུར་བཀོད་དང་ཐཱན་ཤུལ་དོ་དམ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་20སྤྱི་འདོམས་བྱས་ཏེ་ཁེ་ལས་ཀྱི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ལག་བསྟར་བྱེད་འགོ་ཚུགས་ཚུན། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་ཚད་ཀྱི་ནུས་རྒྱུ་ཟད་གྲོན་རིམ་རྩིས་བརྒྱབ་ན་16.4%ཆག་ཡོད། “མིག་སྔར་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་སྣེ་འདྲེན་ཁེ་ལས་བཅུ་ཆ་བཞི་ཡན་ལ་ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་གྱི་དོ་དམ་ལམ་ལུགས་བཙུགས་ཡོད”ཅེས་ཅང་ཤིས་ཞིང་ཆེན་བཟོ་འཕྲིན་ཐིང་གི་ཐིང་ཀྲང་དབྱིང་ཅུང་གིས་ངོ་སྤྲོད་བྱས་པ་རེད།
གསར་དར་ཐོན་ལས་ཀྱིས“ཐཱན་ཚོད་འཛིན”བྱས་ནས་ལྗང་མདོག་གི་ལེགས་ཆ་བཏོད་པ།
བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། ཅང་ཤིས་ཀྱིས་2035ལོར་སླེབས་སྐབས་ཆུ་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་གྲུབ་ཆ་དང་ཐོན་སྐྱེད་བྱེད་སྟངས་ཕྱོགས་ཡོངས་ནས་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད། ཅང་ཤིས་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་སུང་ཏེ་ཞུང་གིས“རྒྱལ་ཁབ་ཀྱི་གསར་གཏོད་ཚོགས་པ་དང་ཁེ་ལས་འབྲེལ་མཐུད་ཧུར་ཐག་བྱས་ནས་མཉམ་འབྲེལ་འགག་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཀྱི་ཡིན”ཞེས་བཤད། མིག་སྔར་ཅང་ཤིས་སུ་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་244དང་ལྗང་མདོག་གླིང་ཁུལ་27ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལྗང་མདོག་བཟོ་གྲྭའི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་གི་20%ཙམ་བཟུང་ཡོད།
“ང་ཚོས་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་། གཙོ་གནད་ནུས་རྒྱུ་ཟད་གྲོན་ལས་རིགས་ཀྱི་ནུས་རྒྱུ་སྤྱོད་པའི་ལས་ཆོད་མུ་མཐུད་མཐོ་རུ་གཏོང་བ། ལྗང་མདོག་ཐཱན་ཉུང་ལག་རྩལ་ཞིབ་འཇུག་གསར་སྤེལ་ཧུར་ཐག་དང་བེད་སྤྱོད་རྒྱ་ཁྱབ་བྱེད་པ། ཐོན་ལས་འཁོར་འབྲེལ་ཚོ་འདུས་ཀྱི་ལྗང་མདོག་མཐུན་སྦྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་ལས་ཀྱི་ལྗང་མདོག་འདུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས”ཞེས་ཅང་ཤིས་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་གིས་བཤད།