ཧང་ཀྲོའུ་ཡིས།
རྒྱལ་ཁབ་རིམ་པའི་གྲངས་གཞིའི“མྱུར་བགྲོད་གཞུང་ལམ”ཚོད་ལྟའི་ངང་གཏོད་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་རྒྱལ་ཁབ་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན(སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ)གྱི་ཧང་ཀྲོའུ་གྲོང་ཁྱེར་གྱི་ཚོད་ལྟའི་རྣམ་གྲངས་དངོས་སུ་འགོ་ཚུགས་ཤིང་། འབྲེལ་ཡོད་ཆུས་དང་རྫོང(གྲོང་ཁྱེར)སྲིད་གཞུང་དང་ཁེ་ལས་20ཡི་འཐུས་མིས་འཛུགས་སྐྲུན་གྱི་ཁས་ལེན་ཡི་གེར་མིང་རྟགས་བཀོད་ནས་མཉམ་དུ་གྲངས་གཞིའི“མྱུར་བགྲོད་གཞུང་ལམ”འཚོལ་ཞིབ་བྱས་ནས་གཏོད་རྒྱུ་ཡིན་པ་རེད།
ཧང་ཀྲོའུ་དེ་ཉིད་རྒྱལ་ཁབ་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན(སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ)གྱི་ཚོད་ལྟ་བྱ་ཡུལ་ལ་བདམས་པ་དེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་གཞིའི་ཐོན་ལས་སྐྱེད་སྲིང་གི་ལས་དོན་ཡུན་རིང་སྤེལ་བ་དང་ཁ་འབྲལ་ཐབས་མེད། 2023ལོར“ཀྲུང་གོའི་གྲངས་གཞིའི་འདུས་ཁུལ”འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་ཧང་ཀྲོའུ་གྲོང་ཁྱེར་དུ་གྲངས་གཞིའི་རྒྱུ་ཆ་ལྟེ་བར་བྱས་པའི་སྲིད་ཇུས་མ་ལག་ཅིག་ཆགས་ཡོད། 2024ལོར་ཧང་ཀྲོའུ་ཡི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ལྷག་ཟིན་པ་དང་། འཕར་ཐང་སྒོར་དུང་ཕྱུར་6305མངོན་འགྱུར་བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་འཛུགས་སྐྲུན་ནང་ཞུགས་པའི་ཁེ་ལས་20ཡི་གྲས་སུ་གྲངས་གཞི་དང་། འཕྲིན་གཏོང་། ཚན་རྩལ་སོགས་ཁྱབ་ཁོངས་མང་པོའི་སྣེ་འདྲེན་ཁེ་ལས་ཚུད་ཡོད། ཚོད་ལྟ་བྱེད་རིང་། ཧང་ཀྲོའུ་ཡིས་གྲངས་འཛིན་ལས་སྟེགས་དང་། གྲངས་འཛིན་མཉམ་འབྲེལ་དྲ་རྒྱ། ཚན་ཚན་ཕྲེང་འབྲེལ། གསང་དོན་རྩིས་རྒྱག ཡིད་རྟོན་རུང་བའི་གྲངས་གཞིའི་བར་མཐོངས་བཅས་ལས་འགན་ཁག་ལྔ་ཁུར་ནས་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲངས་གཞི་འཁོར་རྒྱུག་བེད་སྤྱོད་ལག་རྩལ་གྱི་ལམ་ཐིག་དང་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་རེད།