ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་རུ།
2025ལོའི་རྒྱལ་ཡོངས་ལས་ཞོར་བུད་མེད་ཀྱི་ཝེ་ཆི་མིག་མངས་ཀྱི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ།
ཤིན་ཧྭ་གསར་འགྱུར་ཁང་ཧྲི་ཅ་ཀྲོང་ནས་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས་2ཉིན་2025ལོའི་རྒྱལ་ཡོངས་ལས་ཞོར་བུད་མེད་ཀྱི་ཝེ་ཆི་མིག་མངས་ཀྱི་ལེགས་སྐྱེས་འགྲན་བསྡུར་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད། བདམས་ཐོན་པ་7ལ་ལས་ཞོར་གྱི་རིམ་པ་6པའི་གནས་འཕར་གྱི་ཐོབ་ཐང་རག་ཡོད་པ་རེད།
ཚོགས་ཆུང་ཀ་པའི་འགྲན་བསྡུར་ནང་། མཱ་ནཱ་ཐེ་དང་། ཀྲེང་རུའོ་ཧན། ཝང་ལུའོ་ཤིས་བཅས་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་པ་དང་། ཚོགས་ཆུང་ཁ་པའི་ཨང་དང་པོ་དབྱང་ཡུས་ཁྲེན་ལ་ཐོབ་པ་དང་ཝུའུ་མོང་རན་དང་ཤའོ་ཅུན་དབྱི་གཉིས་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་པ། ཚོགས་ཆུང་ག་པའི་མདུན་གྱི་ཨང་རིམ་གསུམ་ནི་ཝང་མིང་ཁྲེ་དང་། ལུའེ་ཙི་ཤིས། ཝུའུ་ཤིན་ཡོན་བཅས་ལ་སོ་སོར་ཐོབ་པ་རེད།
འགྲན་བསྡུར་གྱི་སྒྲིག་ལམ་གཞིར་བཟུང་། ཆིན་ཅཱ་ཐུང་དང་། ལིན་ཤིན་ཅ། ཞིང་ཝེ་དབྱི་སོགས་མིག་མངས་རྒྱག་མཁན་7གྱིས་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོའི་ཝེ་ཆི་མཐུན་ཚོགས་ལ་ལས་ཞོར་རིམ་པ་6པ་རེ་ཞུ་བྱེད་པའི་ཐོབ་ཐང་རག་ཡོད།
ཉེ་བའི་ལོ་ཤས་རིང་། ཆིན་ཧོང་ཏའོ་གྲོང་ཁྱེར་གྱིས་ཝེ་ཆི་མིག་མངས་ལུས་རྩལ་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ལོ་ལྟར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་དང་དེ་བཞིན་གྲོང་ཁྱེར་རིམ་པའི་ཝེ་ཆི་མིག་མངས་ཀྱི་འགྲན་བསྡུར་མང་པོ་སྤེལ་གྱི་ཡོད། རྒྱལ་ནང་གི་བུད་མེད་ལས་ཞོར་ཝེ་ཆི་མིག་མངས་ཀྱི་འགྲན་བསྡུར་གྱི་ཚད་གཞི་མཐོ་ཤོས་ཀྱི་འགྲན་བསྡུར་གྲས་ཤིག་ཡིན་པའི་ངོས་ནས་རྒྱལ་ཡོངས་ཀྱི་ལས་ཞོར་བུད་མེད་ཀྱི་ཝེ་ཆི་མིག་མངས་ཀྱི་ལེགས་སྐྱེས་འགྲན་བསྡུར་གྱིས་བདམས་ཐོན་པར་ཆུ་ཚད་མཐོ་བའི་རྩལ་འགྲན་ལས་སྟེགས་བཏོད་པ་མ་ཟད། འགྲན་བསྡུར་གྱི་ཤུགས་རྐྱེན་བརྒྱུད་བུད་མེད་ཀྱི་ཝེ་ཆི་མིག་མངས་ལུས་རྩལ་ཁྱབ་གདལ་དང་རྩལ་འགྲན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་དེ་བས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད།