མཚོ་སྔོན་རྨ་ཆུ་རྩྭ་ཐང་དུ་རྒོད་མའི་འོ་མ་འོ་ཟོམ་གང་གིས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་གསར་པ་གཏོད་པ།
འདི་ནི་སྒྲོལ་མ་མཚོས་རྟའི་འོ་མ་ནན་ཏན་ངང་འཇོ་བཞིན་པ།
འདི་ནི་བཞོས་ཟིན་པའི་རྟའི་འོ་མ་འགྱིག་དམ་དུ་བླུགས་བཞིན་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་ཤར་རི་ལ་རྩ་ཁུགས་གྱི་ལིང་ཆེད་ལས་མཉམ་ལས་ཁང་གི་རྟ་རའི་ནང་ཤ་ཤེད་རྒྱས་པའི་རྟ་རྒོད་མ་ཁ་ཤས་མཇུག་མ་གཡུག་གིན་བག་ཕེབས་སུ་བསྡད་ཡོད་པ་དང་བུད་མེད་ཚོས་གོ་རིམ་ལྡན་པའི་ངང་ཉིན་གཅིག་གི་ལས་ལ་གཞོལ་འགོ་ཚུགས།
མཉམ་ལས་ཁང་གི་ལས་འཛིན་སྒྲོལ་མ་མཚོས་རྟ་རྒོད་མ་ཞིག་གི་ཕྱོགས་སུ་ཐད་ཀར་བསྐྱོད་དེ་དེའི་མཇིང་པར་གཞུ་ཙམ་བྱས་ནས་འོ་མ་འཇོ་མཁན་གསར་པ་སྐལ་བཟང་ལྷ་མོ་སྐད་བཏང་། “རྒོད་མའི་འོ་མ་འཇོ་བར་སྔོན་ལ་རྒོད་མ་དང་འབྲེལ་འདྲིས་བྱས་ནས་རྒོད་མར་འོ་མ་འཇོ་མཁན་གྱི་དྲི་མ་རྒྱུས་ལོན་དུ་འཇུག་དགོས། རྩྭ་ཐང་གི་རྒོད་མ་སྤྱང་པོ་ཡོད་པས་ཁྱོད་རང་གིས་གནོད་པ་མི་སྐྱེལ་བ་ཤེས་རྗེས་རྒོད་མས་གཞོགས་འདེགས་བྱེད་སྲིད”
“འོ་མ་འཇོ་ཐེངས་གཅིག་ལ་འཇོ་དགོས་པ་དང་མཛུབ་མོའི་འཐེན་ཤུགས་སྙོམས་པོ་དགོས། ཁྱོད་ཀྱིས་ཚོད་ལྟ་ཞིག་གྱིས་དང”ཞེས་སྒྲོལ་མ་མཚོས་ངང་རྒྱུད་རིང་པོས་སྐལ་བཟང་ལྷ་མོར་བསླབས།
སྒྲོལ་མ་མཚོའི་མཛུབ་ཁྲིད་གཟབ་ནན་འོག་སྐལ་བཟང་ལྷ་མོར་འོ་མ་འཇོ་བའི་ཚོར་སྣང་རིམ་གྱིས་སླེབས། འོ་མ་འཇོ་སྟངས་བྱང་ཆུབ་པ་ཤེས་རྗེས་འོ་མ་བདེ་བླག་ངང་འཇོ་ཐུབ་པ་མ་ཟད། ནུ་མ་སྔར་བས་འཐེན་བདེ་རུ་ཕྱིན་ཡོད། སྐབས་དེ་དུས་རྒོད་མའི་འོ་མ་འོ་ཟོམ་གང་ནི་ངལ་རྩོལ་གྱི་གྲུབ་འབྲས་ཙམ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བདེན་དཔང་གསོན་པོ་ཞིག་དེ་བས་རེད། དེ་ཐོག་ནས་མི་རིགས་ཁག་རྩྭ་ཐང་དེའི་སྟེང་འཆམ་མཐུན་མཉམ་གནས་དང་ཕན་ཚུན་མཉམ་འདྲེས་བྱེད་པའི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་ཐུབ།
“རྨ་ལྷོ་རྫོང་ལ‘ནོར་བུ་གསུམ’ཡོད་པ་སྟེ། དངུལ་རྭའི་ལུག་དང་། ཤོ་ཏོའི་ནོར་ནག རྨ་ཁུགས་གྱི་ལིང་བཅས་རེད། ང་ཚོའི་རྒོད་མ་རྨ་ཆུའི་རྩྭ་ཐང་ཆེན་པོར་འཚར་ལོངས་བྱུང་བ་དང་། སྐྱེ་འཚར་ཁོར་ཡུག་གཙང་ལ་སྦགས་བཙོག་མེད་པས། འོ་མའི་སྤུས་ཚད་རང་ཤུགས་ཀྱིས་ལེགས་པོ་ཡོད”ཅེས་སྒྲོལ་མ་མཚོས་སྤོབས་པ་ཆེན་པོས་བཤད།
རྨ་ཆུ་རྫོང་དུ་སྲོལ་རྒྱུན་གྱི་འབྲོག་ལས་གནམ་གཤིས་ལ་བརྟེན་དགོས་པ་དང་རང་བྱུང་གནོད་འཚེ་འགོག་ནུས་ཅུང་ཞན་པའི་དབང་གིས་སོག་རིགས་དང་བོད་རིགས་སོགས་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཉུང་ལ་བརྟན་པོ་མེད།
“ང་ཚོའི་ཁྱིམ་གྱིས་མི་རབས་ནས་མི་རབས་བར་རྨ་ཁུགས་གྱི་ལིང་གསོ་གི་ཡོད། ཆུང་དུས་སུ་ཕ་མ་ཚོ་ཆར་རླུང་ཁྲོད་ཕར་འགྲོ་ཚུང་འོང་བྱས་ནས་ལོ་གཅིག་གི་ཡོང་འབབ་རྟ་ཁ་ཤས་བཙོངས་པ་ཁོ་ནར་བརྟེན་དགོས་པ་དྲན་གྱི་འདུག”
སྐབས་འཁེལ་བ་ཞིག་ལ་སྒྲོལ་མ་མཚོས་རྒོད་མའི་འོ་མར་སྤྲི་དཀར་འདུས་ཚད་སྤྱིར་བཏང་གི་འོ་མའི་རིགས་ལས་མང་བ་དང་འཚོ་བཅུད་དང་གཏེར་རྫས་མང་པོ་འདུས་པས། འཚོ་བཅུད་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་དང་ལོ་ལྟར་རྩྭ་ཐང་དུ་རྨ་ཁུགས་གྱི་ལིང་དང་མཉམ་དུ་འགྲོགས་པས་ཁོང་གིས་རང་བྱུང་གི་འཚོ་བཅུད་འདུས་པའི་རྒོད་མའི་འོ་མ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་ཤེས།
སྒྲོལ་མ་མཚོས་མི་རིགས་ས་ཁུལ་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་བྱུང་ཚེ་མི་རིགས་ཁག་གཞི་ནས་མཐུན་སྒྲིལ་སྔར་ལས་དམ་ཟབ་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད།
སྒྲོལ་མ་མཚོར་རེ་བས་ཁེངས་པའི་བསམ་བློ་ཞིག་མྱུར་དུ་འཁོར། ཁོང་གིས་མཉམ་ལས་ཁང་བཙུགས་ནས་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་རྨ་ཁུགས་གྱི་ལིང་གི་ཐོན་ཁུངས་ལ་བརྟེན་ཏེ་གསོ་ཚགས་དང་། འཚོལ་བསྡུ། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་རྒོད་མའི་འོ་མའི་ཐོན་ལས་འཁོར་འབྲེལ་ཞིག་བསྐྲུན་ནས་ལྷད་མེད་ཀྱི་རྒོད་མའི་འོ་མ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས། སོག་རིགས་དང་བོད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འབྱོར་ཕྱུག་གི་འཚོ་བར་རོལ་ཐུབ་པར་སྣེ་ཁྲིད་བྱེད་པའི་སེམས་ཐག་བཅད།
སྒྲོལ་མ་མཚོའི་འབད་བརྩོན་འོག་རྟ་རྒྱུད་ཇེ་ལེགས་སུ་སོང་བ་དང་རྒོད་མའི་འོ་མར་རོ་བཅུད་ལྡན་པས་ཁྲོམ་རར་བྲིན་འཚོང་ཡག་པོ་བྱུང་ཡོད། ཁོང་གིས“དབྱར་ཁར་རྨ་ཁུགས་ཀྱི་རྒོད་མའི་འོ་མ་ཐོན་འབབ་མང་བ་དང་ཉིན་རེར་འོ་མ་རྒྱ་མ་30ཙམ་བྲིན་པ་དང་འོ་མ་སྤྱི་རྒྱ་རེར་སྒོར་100རེད། མིག་སྔར་འོ་མའི་ཐོན་འབབ་ཉིན་རེར་སྤྱི་རྒྱ་15ཙམ་ཡོད”ཅེས་བཤད།
སྒྲོལ་མ་མཚོས་རང་ཉིད་ཀྱི་སྟོབས་ཤུགས་ཙམ་གྱིས་ཐོན་ལས་ཡར་རྒྱས་ཆེན་པོ་འབྱུང་དཀའ་བ་ཤེས་ཏེ་ཉེ་འཁོར་གྱི་སོག་རིགས་དང་བོད་རིགས་མང་ཚོགས་ཀྱི་སྣེ་ཁྲིད་ནས་རྒོད་མའི་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཤིང་། སོག་རིགས་མང་ཚོགས་ཁ་ཤས་ཀྱིས་རྟ་གསོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས་རྟ་བདག་སྐྱོང་བྱེད་ཀྱི་ཡོད་ལ། བོད་རིགས་མང་ཚོགས་ཀྱིས་ལག་ཤེས་བཟོ་རྩལ་ཕུལ་བྱུང་ལ་བརྟེན་ནས་རྒོད་མའི་འོ་མའི་ཐོན་རྫས་ཐུམ་རྒྱག་ཇུས་འགོད་བྱེད་ཀྱི་ཡོད། གཞན་ཡང་། སྒྲོལ་མ་མཚོ་དང་ཡུལ་དེ་གའི་མང་ཚོགས་ཀྱིས་མཉམ་དུ་ཕབས་རྩི་བཟོས་ནས་ཞོ་ཐོན་སྐྱེད་བྱས་ཏེ་ཐོན་རྫས་ཀྱི་ལས་རིམ་ཕུན་སུམ་ཚོགས་སུའང་བཏང་ཡོད། མཉམ་ལས་ཁང་གིས་མི་རིགས་ཁག་གི་མང་ཚོགས་ལ་ལས་གནས་བརྟན་པོ་མཁོ་འདོན་བྱས་ཏེ་ཁོང་ཚོའི་ཡོང་འབབ་མང་དུ་བཏང་ཡོད། མི་རིགས་མི་འདྲ་བའི་ཡུལ་མི་དག་གིས་འོ་མ་འཇོ་བ་དང་། ལས་སྣོན། ཕྱིར་འཚོང་སོགས་ཀྱི་ལས་ཀ་གང་ལེགས་བསྒྲུབས་པས་ཕན་ཚུན་གྱི་མཛའ་བརྩེ་ཟབ་ཏུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་ཐེབས་ཡོད།