དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

    སྤྱི་ཚོགས་གསར་རྙིང་བརྒྱུད་མྱོང་བའི་གཡུ་སྒྲོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-05

    འདི་ནི་རྒན་མོ་གཡུ་སྒྲོན་གྱི་འདྲ་པར་ཡིན་པ།

    འདི་ནི་རྒན་མོ་གཡུ་སྒྲོན(གཡོན་གྱི་གཉིས་པ)དང་། ཚ་བོ་ནོར་བུ་ཚེ་རིང(གཡོན་གྱི་དང་པོ) མནའ་མ་ཚེ་རིང་སྒྲོལ་མ(གཡས་ཀྱི་དང་པོ) ཡང་ཚ་ནོར་བུ་བསམ་གྲུབ་བཅས་ཀྱིས་ཁྱིམ་དུ་བརྒྱབ་པའི་པར་ཡིན་པ།

    (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བརྒྱབ)

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གྲོང་སྟོད་གྲོང་ཚོའི་རྒན་མོ་གཡུ་སྒྲོན་1938ལོར་སྐྱེས་ཤིང་། སྐྱེས་མ་ཐག་ཞིང་བྲན་གྱི་ཁོངས་སུ་བཅུག་ཡོད།

    “ང་རང་ནང་ཟན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པས་ཆུང་དུས་ནས་ཟས་གོས་གཉིས་ཀ་ཧ་ཅང་དཀོན་ལ། ལུས་ལ་གྱོན་པའི་གོས་ལའང་ལྷན་པས་ཁེངས་ཡོད། ཕྱུགས་ཟོག་ང་ཚོར་སྤྱོད་དབང་མེད་པས་མི་ཤུགས་ཁོ་ནར་བརྟེན་ནས་ཞིང་བྲན་བདག་པོའི་ས་ཞིང་འདེབས་དགོས་ཀྱི་ཡོད། ཉིན་གང་ལས་ཀ་བྱས་ཀྱང་ཁྱིམ་དུ་ཟས་ཁམ་གང་ཡང་ཟ་རྒྱུ་མེད། ནས་འབྲུ་བསྡུས་ཚར་རྗེས་ཞིང་བྲན་བདག་པོས་འབྲུ་རིགས་ཚང་མ་ཁ་བསྡམས་ནས་བསྡུ་གསོག་རྒྱག་གི་ཡོད། ང་ཚོར་ཟ་འབྲུ་ཕྲན་བུ་ལས་བཞག་གི་མེད་པ་དེས་རྩ་བ་ནས་འདང་གི་མེད་པས་མཚན་མོར་མི་གཞན་གྱི་སར་གཡོག་པོ་རྒྱུག་ནས་འབྲུ་རིགས་བརྗེ་ཡི་ཡོད”ཅེས་གཡུ་སྒྲོན་གྱིས་བརྗོད།

    1959ལོའི་ཟླ་3ཚེས་28ཉིན། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་བ་ནས་ཐལ་བའི་རྡུལ་དུ་བརླགས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད། གཡུ་སྒྲོན་ཡང་རང་ཉིད་ཀྱི་བདག་པོར་གྱུར་པ་མ་ཟད། ཏང་ནང་ཞུགས་ནས་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པའི་སྐལ་བ་ཐོབ་ཡོད་ལ། ཚུན་ཀྲང་དང་ཤང་ཀྲང་ཡང་བྱེད་མྱོང་ཡོད།

    ད་ལྟ་རྒན་མོ་གཡུ་སྒྲོན་དང་བཅས་པ་མི་རབས་བཞི་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་མཉམ་དུ་སྡོད་རྒྱུ་བྱུང་ཡོད་པ་དང་། ལོ་90ལ་སླེབས་ལ་ཉེ་ནའང་གཟུགས་པོ་ཐང་པོ་ཡོད་པས་ཉིན་ལྟར་མེ་ཏོག་གཡོག་བྱེད་ཀྱི་ལས་ཀ་བྱེད་ཐུབ་ཀྱི་ཡོད།

    “བོད་རྙིང་པའི་སྐབས་ང་རང་ཞིང་བྲན་བདག་པོའི་ཕྱུགས་ཚང་ནང་ནོར་ལུག་དང་མཉམ་དུ་སྡོད་དགོས་ཀྱི་ཡོད། ཁང་པ་དེ་ཆུང་བའི་ཁར་ཐོག་དཔངས་ཀྱང་དམའ་བས་སྒུར་སྒུར་བྱས་ན་མ་གཏོགས་འགྲོ་ཐུབ་ཀྱི་མེད། ད་ཆའི་ཁང་པ་རྒྱ་ཆེ་ཞིང་དཀར་ཆ་དོད་པ་ཞིག་ཡོད། ལོ་ན་ཆུང་དུས་ཁང་པ་འདི་འདྲའི་ནང་སྡོད་རྒྱུ་ཡོང་བ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། ང་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་གཡུ་སྒྲོན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།