མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ཀྱི“དཔེ་སྟོན་ཁུལ”གང་མགྱོགས་གཏོད་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་ཉིན་ཤས་གོང་པེ་ཅིང་དུ་འཚོགས་ཤིང་། གསར་འགོད་པར་ད་རེས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མར་བརྟེན་ནས་མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་ཀྱི“དཔེ་སྟོན་ཁུལ”གང་མགྱོགས་གཏོད་པ་དང“ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས”ཟུང་འབྲེལ་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་གཏོད་པ། “ལྗང་མདོག་གློག་ཤུགས”དེ་རྩིས་ནུས་ལ་ནུས་ཆེའི་ངང་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནུས་ཤུགས་སྤྱད་ནས་ནུབ་རྒྱུད་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་རྟེན་གཞི་གཏོད་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་བཏོད་དེ་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་རྣམ་གྲངས་འཛུགས་སྐྲུན་དང“བྱེ་ཐང་དང་། མྱ་ངམ་ཐང་། ཐང་རྒོད”བཅས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་དང་ཆུ་གློག་རྣམ་གྲངས་གསར་སྤེལ་སོགས་ཀྱི་ལས་དོན་ལ་མཉམ་དུ་སྐུལ་སྤེལ་བཏང་ཡོད། 2024ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་ཐད་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་ཆན་ཝ་ཁྲི་7100ལྷག་ཟིན་པའི་ཁྲོད་སྒྲིག་སྦྱོར་བྱས་པའི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་94.6%ཟིན་ཏེ། རྒྱལ་ཡོངས་ཀྱི་སྔོན་ལ་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱི་བསྡུར་གྲངས་གཉིས་ཀ་གཙོ་རྐང་དུ་གྱུར་ཡོད།
འབྲེལ་ཡོད་སྲིད་ཇུས་ལྟར་ན། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་ལ“ལྗང་མདོག་གློག་ཤུགས”80%ཡན་སྤྱོད་ཐུབ་པ་འགན་སྲུང་བྱ་རྒྱུ་རེད། གསར་སྐྲུན་རྒྱས་སྐྲུན་གྱི་གྲངས་གཞིའི་ལྟེ་གནས་དང་དེ་བཞིན་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ཐད། དངོས་སུ་བསྐྲུན་ཟིན་པའི་ཚད་ལྡན་གྱི་འཁོར་སྒྲོམ་གྱི་གྲངས་ཀ་དང་རྩིས་ནུས་སྒྲིག་ཆས་ཉོས་པའི་དོན་དངོས་ཀྱི་མ་འཇོག་དངུལ་འབོར་ལ་གཞིགས་ཏེ། མ་འཇོག་དངུལ་འབོར་བསྡུར་གྲངས་ཀྱི་10%ལས་མི་བརྒལ་བའི་བྱ་དགའི་ཁ་གསབ་སྤྲོད་རྒྱུ་དང་། ཁེ་ལས་དང་ཚན་པས་མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་ལྟེ་གནས་ཀྱི་ཞབས་ཞུ་དང་ལྗང་མདོག་རྩིས་ནུས་བོགས་མར་ལེན་རྒྱུར་རྒྱབ་སྐྱོར་བྱས་ཏེ་བོགས་དངུལ་གྱི་20%ལས་མི་བརྒལ་བའི་རྩིས་ནུས་འཛིན་ཤོག་སྤྲོད་རྒྱུ། མི་ཐབས་རིག་ནུས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་མ་འཇོག་དངུལ་འབོར་གྱི་20%ལས་མི་བརྒལ་བའི་བྱ་དགའ་སྤྲོད་ཐེངས་གཅིག་ལ་སྤྲད་ནས་རྒྱབ་སྐྱོར་བྱ་རྒྱུ། མཚོ་སྔོན་དུ་མི་ཐབས་རིག་ནུས་ཀྱི་རྨང་གཞིའི་དཔེ་དབྱིབས་ཆེ་མོའི་སྦྱོང་བརྡར་དང་ལས་རིགས་ཀྱི་དཔེ་དབྱིབས་ཆེ་མོའི་སྦྱོང་བརྡར་རྣམ་གྲངས་ལ་གཙོ་གནད་ཐོག་བྱ་དགའ་ཁ་གསབ་སྤྲད་ནས་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན་པ་རེད།