ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་པ་ཐོབ་ངེས་ཡིན་པ།
—— ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་པ་ཁྲང་ཆི་ཏེར་བཅར་འདྲི་བྱས་པ།
འདི་ནི་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་པ་ཁྲང་ཆི་ཏེ་ཡིན་པ།
ཉེ་ཆར་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་པ་ཁྲང་ཆི་ཏེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཉེ་བའི་ལོ་ཤས་རིང་ངས་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ལྟ་སྦྱོང་དང་ཤེས་རྟོགས་བྱེད་ཀྱི་ཡོད། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་འཁོར་གྱི་ཚོགས་འདུ་གཟབ་རྒྱས་དེར་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་འཐུས་མི་དང་ཨུ་ཡོན་ཚོ་མཉམ་དུ་འཛོམས་ནས་བློ་བསྡུས་དགེ་འཚོལ་དང་ཐུན་མོང་ཐོག་རྒྱལ་དོན་གླེང་ཡོད། ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་རམ་འདེགས་བྱས་ཡོད”ཅེས་བརྗོད་པ་རེད།
འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་ཐབས་འདོན་ཇུས་འབུལ་གྱི་ལོ་ཞིག་རེད། ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པར”ཐོབ་པའི་གྲུབ་འབྲས་ལ་ཁྲང་ཆི་ཏེ་ཡིས་ཡིད་སྨོན་ཆེན་པོ་བྱེད་ཅིང་། ཁོང་གིས“ཀྲུང་གོའི་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལྟ་ཀློག་བྱས་པ་བརྒྱུད། དམིགས་ཚད་མང་ཆེ་བ་བདེ་བླག་ངང་མངོན་འགྱུར་བྱུང་བ་ཤེས་དུས་ང་རང་ཧང་སངས་བྱུང”ཞེས་བརྗོད་པ་རེད།
“ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པ་དང་། བརྟན་ཐོག་ཡར་འཕེལ། ཡུན་རིང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་བཅས་ཀྱི་གཞི་ཚུལ་འགྱུར་ལྡོག་བྱུང་མེད། ཀྲུང་གོར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་དང་ལྷག་པར་དུ་ལྗང་མདོག་ཕྱོགས་སྒྱུར་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཡར་རྒྱས་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད”ཅེས་ཁྲང་ཆི་ཏེ་ཡིས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བག་ཆགས་ཟབ་མོ་བྱུང་བཞིན་དེ་ལྟར་བརྗོད་པ་རེད།
ཁྲང་ཆི་ཏེ་ཡིས“ཀྲུང་གོའི་ལྗང་མདོག་ཕྱོགས་སྒྱུར་གྱི་གོམ་སྟབས་གསལ་པོར་མཐོང་ཐུབ་པ་སྟེ། པེ་ཅིང་གི་ཁྲོམ་གཞུང་དུ་གློག་སྒུལ་རླངས་འཁོར་འབོར་ཆེན་ཞིག་ཕར་འགྲོ་ཚུར་འོང་བྱེད་པ་དང་། པེ་ཅིང་གི་ནམ་མཁའ་ཉིན་རེ་ལས་མ་འདས་པར་གཡའ་དག་ཏུ་འགྲོ་བཞིན་ཡོད། མར་སུན་རྒྱང་རྒྱུག་འགྲན་བསྡུར་ལ་དགའ་པོ་བྱེད་མཁན་ཞིག་ཡིན་པའི་ངས་པེ་ཅིང་དུ་སྦྱོང་བརྡར་བྱས་པ་ཚང་མ་ལོངས་སྤྱོད་ཅིག་ཡིན་སྙམ་གྱི་འདུག”ཅེས་བརྗོད་པ་རེད།
ཁྲང་ཆི་ཏེ་ཡིས“མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོའི་དབར་རོགས་ལས་དམ་ཟབ་བྱས་པར་དོན་སྙིང་ཆེན་པོ་ལྡན་འདུག ཀྲུང་གོས་བཏོན་པའི་གྲོས་འགོ་གལ་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་ནུས་ལྡན་ཐུབ་རྒྱུ་རེད། འབྱུང་འགྱུར་མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོས་མུ་མཐུད་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། ཀྲུང་གོའི་ཉམས་མྱོང་ཇི་ལྟར་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཉམ་སྤྱོད་བྱེད་པའི་སྐོར་ལ་གྲོས་བསྡུར་བྱས་ཏེ་གོ་ལ་ཧྲིལ་པོ་དབུལ་ཕོངས་དང་བཀྲེས་ལྟོགས་ལས་ཐར་བར་རོགས་རམ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཁྲང་ཆི་ཏེ་ཡིས“རྒྱལ་སྤྱིའི་སྤྱི་ཚོགས་ལག་གདང་དཔུང་སྦྲེལ་གྱིས་མཉམ་ལས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད། རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་པ་དང་། གསོ་རིག་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཉམས་མྱོང་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞི་དང་ཀྲུང་གོས་མཉམ་ལས་བྱེད་པར་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕར་རྒྱུ་དང་ཀྲུང་གོའི་འཕེལ་རྒྱས་ལས་འཛམ་གླིང་ལ་ཕན་པ་དེ་བས་ཆེན་པོ་ཐོབ་ངེས་ཡིན་པ་རང་ཉིད་ལ་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།