ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་སོན་སྣ་ཐོ་འགོད་ཀྱི་སྤྱི་བསྒྲགས་ཁག་གསར་པ་ཁྱབ་བསྒྲགས་བྱས་པ།
“འདྲ་བཟོས་སོན”གྱི་སྣ་ཁ་313མེད་པར་བཟོས་པ།
ཐོན་ལས་ཀྱི་དགོས་མཁོ་དང་ཐོན་སྐྱེད་ཀྱི་འཕྲལ་མཁོར་ཕྱོགས་ནས་ཁྱད་ལྡན་སོན་སྣ་1254ཐོ་འགོད་བྱས་ནས་བཏོན་པ་དང་དུས་མཚུངས“འདྲ་བཟོས་སོན”གྱི་གནད་དོན་ཡོད་པའི་སོན་སྣ་313མེད་པར་བཟོས་ཡོད།
ཉེ་ཆར་ཞིང་ལས་གྲོང་གསེབ་པུའུ་ཡིས་ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་སོན་སྣ་ཐོ་འགོད་ཀྱི་སྤྱི་བསྒྲགས་ཁག་གསར་པ་ཁྱབ་བསྒྲགས་བྱས་ཏེ། ཐོན་ལས་ཀྱི་དགོས་མཁོ་དང་ཐོན་སྐྱེད་ཀྱི་འཕྲལ་མཁོར་ཕྱོགས་ནས་ཁྱད་ལྡན་སོན་སྣ་1254ཐོ་འགོད་བྱས་ནས་བཏོན་པ་དང་དུས་མཚུངས“འདྲ་བཟོས་སོན”གྱི་གནད་དོན་ཡོད་པའི་སོན་སྣ་313མེད་པར་བཟོས་ནས“ཐོན་སྐྱེད་ལ་ཞབས་འདེགས་ཞུ་བ་དང་། གསར་གཏོད་ལ་ཁྲིད་སྟོན་བྱེད་པ། ནང་འདྲེན་དང་ཕྱིར་གཏོང་ཡོད་པ”བཅས་ཀྱི་སོན་སྣ་ཐོ་འགོད་ཀྱི་འགུལ་རྣམ་དོ་དམ་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། སོན་སྣ་གསར་སྒྱུར་དང་བརྗེ་རེས་ལ་གང་མགྱོགས་སྐུལ་འདེད་བཏང་ཡོད།
མིག་སྔར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སོན་སྣ་དེ་དག་ཁྱད་ལྡན་འབྲུ་རིགས་དང་། སྣུམ་རྒྱུ། མངར་ཆ། སྔོ་ཚལ། འབྲས་ཤིང་། ཇ་ཤིང་། འགྱིག་ཤིང་སོགས་རིགས་ཆེན་པོ་7དང་སྐྱེ་དངོས་སྣ་ཁ་29ལ་ཁྱབ་ཡོད། ད་ཐེངས་ཐོ་འགོད་བྱས་པའི་སོན་སྣའི་ཁྲོད་རྒྱལ་ནང་དུ་རང་བརྟེན་འདེམས་གསོ་བྱས་པའི་སོན་སྣ་གསར་པའི་བསྡུར་ཚད་98%ཟིན་པ་དང་། དེའི་ནང་ཁེ་ལས་ཀྱིས་འདེམས་གསོ་བྱས་པའི་སོན་སྣའི་བསྡུར་ཚད་54%ཟིན་པ་དང་སྔོ་ཚལ་གྱི་སྣ་ཁས་བརྒྱ་ཆ་དྲུག་ཅུ་ཡན་བཟུང་ཡོད།
དེ་དང་ཆབས་ཅིག་ཞིང་ལས་གྲོང་གསེབ་པུའུ་ཡིས“འདྲ་བཟོས་སོན”ཆེད་དོན་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། “འདྲ་བཟོས་སོན”ཞེས་པ་ནི་སོན་སྣ་ཞིག་གམ་ཡང་ན་རྒྱུད་འདྲེས་སོན་ཐོག་མའི་ཕྱི་ངོས་ལ་ལེགས་བཅོས་སྟབས་བདེ་དང་འདྲ་བཟོ་བྱས་ནས་གྲུབ་པའི་སོན་རིགས་ལ་ཟེར། སོན་དེ་རིགས་དང་ཐོག་མའི་སོན་རིགས་ལ་ཁྱད་པར་མངོན་གསལ་དོད་པོ་མེད་པ་མ་ཟད། ཐ་ན་དེས་གཞན་གྱི་རྒྱུད་འདྲེས་སོན་ཐོག་མ་ཧམ་སྤྱོད་དང་། སོན་རིགས་གཞན་ལ་བརྫུས་པའམ་འདྲ་བཟོ་བྱས་ནས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པས་སོན་ལས་རང་བརྟེན་གསར་གཏོད་དང་གདོད་མའི་གསར་གཏོད་ལ་གནོད་སྐྱོན་བཟོ་གི་ཡོད། གོམ་སྟབས་རྗེས་མར་ཞིང་ལས་གྲོང་གསེབ་པུའུ་ཡིས་མུ་མཐུད་དུ“འདྲ་བཟོས་སོན”གཙང་བཤེར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཐོ་འགོད་སོན་སྣར་རྗེས་སྙེགས་གདེང་འཇོག་དང་གསལ་འབྱེད་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྤུས་ཀ་ལེགས་པའི་ཁྱད་ལྡན་སོན་སྣ་མགྱོགས་མྱུར་ཁྱབ་གདལ་བེད་སྤྱོད་བཅས་བྱེད་རྒྱུ་དང་དུས་མཚུངས་སོན་སྣ་ཐོ་འགོད་བྱེད་ཐབས་གང་མགྱོགས་བཟོ་བ་དང་། DNAམཛུབ་རིས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སོན་སྣའི་ཐོ་འགོད་ཞིབ་བཤེར་ནན་པོ་བཅས་བྱས་ཏེ། འབྱུང་རྩ་ནས“འདྲ་བཟོས་སོན”སྔོན་འགོག་བྱ་རྒྱུ་ཡིན་པ་རེད།