དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་8450སྐྱེལ་འདྲེན་བྱ་རྒྱུ་ཡིན་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། དུས་ཡུན་ཉིན་5ཡི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་གི་ལྕགས་ལམ་སྐྱེལ་འདྲེན་ཚེས་3ཉིན་ནས་འགོ་ཚུགས་པ་དང་། ཟླ་4ཚེས་3ནས་7ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་8450སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞིང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1690སྐྱེལ་འདྲེན་བྱ་རྒྱུ་དང་ཟླ་4ཚེས་4ཉིན་ནི་འགྲུལ་པ་མང་ཤོས་ཀྱི་ཉིན་མོ་དེ་ཡིན་པ་རེད།
རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས། འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། འགྲུལ་པ་གཉེན་ཉེ་ཐུག་པར་འགྲོ་བ་དང་། མེས་པོར་མཆོད་འབུལ་བྱེད་དུ་འགྲོ་བ། སྔོ་གསོལ་དུ་འགྲོ་བ། ཡུལ་སྐོར་དུ་འགྲོ་བ་སོགས་ཕྱིར་སྐྱོད་དགོས་མཁོ་ཆེན་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ལྕགས་ལམ་12306སྤ་སེ་ཚོང་བའི་མ་ལག་གི་མེ་འཁོར་སྤ་སེ་སྔོན་ཚོང་གནས་ཚུལ་ལ་བལྟས་ན། པེ་ཅིང་དང་། ཀོང་ཀྲོའུ། ཧྲང་ཧའེ། ཁྲེང་ཏུའུ། ཝུའུ་ཧན། ཧང་ཀྲོའུ། ནན་ཅིང་། ཧྲེན་ཀྲེན། ཀྲེང་ཀྲོའུ། ཤིས་ཨན་བཅས་ནི་འགྲུལ་པ་འགྲོ་སྐྱོད་མང་བའི་ས་ཆ་ཡིན་པ་དང་། པེ་ཅིང་དང་། ཀོང་ཀྲོའུ། ཧྲང་ཧའེ། ཁྲེང་ཏུའུ། ཧང་ཀྲོའུ། ཝུའུ་ཧན། ཧྲེན་ཀྲེན། ནན་ཅིང་། ཀྲེང་ཀྲོའུ། ཤིས་ཨན་བཅས་ནི་འགྲུལ་པ་འབྱོར་མང་བའི་ས་ཆ་ཡིན་པ་རེད།
འགྲུལ་སྐྱེལ་ནུས་པ་ཤུགས་ཆེ་རུ་གཏོང་བ་དང་མྱུར་བགྲོད་མེ་འཁོར་དང་དཀྱུས་བགྲོད་མེ་འཁོར་གྱི་སྐྱེལ་འདྲེན་བྱེད་ཤུགས་ཀྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ཏེ། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མང་དུས་སྐབས་ཀྱི་འཁོར་སྐྱོད་དཔེ་རིས་དོན་འཁྱོལ་བྱས་ནས། འཆར་གཞི་ལྟར་ན་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་དུས་གཏན་མེ་འཁོར་འཁོར་ཐེངས་ཁྲི་1.1ལྷག་ཙམ་གཏོང་རྒྱུ་ཡིན་པ་རེད།