“གྲོང་ཁྱེར་བརྒྱ་དང་། སློབ་གྲྭ་སྟོང་། ཁེ་ལས་ཁྲི”བཅས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་2025ལོའི་ལོ་འཁོར་གྱི་བྱ་སྤྱོད་བཀོད་སྒྲིག་བྱས་པ།
ལས་གནས་ཁྲི་བརྒྱ་ཡན་མཁོ་འདོན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ།
ཚེས་1ཉིན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། སློབ་གསོ་པུའུ། མི་སྤྱི་པུའུ་བཅས་ཀྱིས་ཝུའུ་ཧན་རུ་“གྲོང་ཁྱེར་བརྒྱ་དང་། སློབ་གྲྭ་སྟོང་། ཁེ་ལས་ཁྲི”བཅས་ཀྱིས་ལས་ཞུཌ་ལ་སྐུལ་འདེད་གཏོང་བའི་2025ལོའི་ལོ་འཁོར་གྱི་བྱ་སྤྱོད་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་ཧུའུ་པེ་ཞིང་ཆེན་གྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་པ་རེད།
ཚོགས་འདུར་ནན་བཤད་བྱས་དོན། དམངས་གཉེར་ཁེ་ལས་ཀྱིས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ནས། བྱེད་ཐབས་གསར་པ་འཕེལ་རྒྱས་གཏོང་བ་དང་ལས་ཞུགས་ཀྱི་གཞི་ཁྱོན་ཆེར་གཏོང་དང་སྤུས་ཚད་མཐོར་གཏོང་ལ་རམ་འདེགས་བྱེད་པར་ཁྲིད་སྟོན་དང་། ཁེ་ལས་དང་། ལས་རིགས། ཁུལ་ཁོངས་བཅས་གཙོ་བོར་དམིགས་ནས་ལས་ཞུགས་ཀྱི་མཁོ་སྤྲོད་ཆ་སྒྲིག་ཚད་མཐོ་རུ་གཏོང་བ། སློབ་ཁེ་མཉམ་ལས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། མཐོ་སློབ་ཀྱི་ཚན་ཞིབ་གྲུབ་འབྲས་དེ་དམངས་གཉེར་ཁེ་ལས་ལ་ཕྱོགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ལས་ལག་རྩལ་ཞིབ་སྤེལ་གྱི་མཐུན་སྦྱོར་ཁོར་ཡུག་ཆགས་པར་རམ་འདེགས་བྱེད་དགོས།
ད་ཐེངས་ཀྱི་བྱ་སྤྱོད་འདི་ལོ་འཁོར་མོར་རྒྱུན་མཐུད་བྱེད་རྒྱུ་ཡིན་ཞིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་གནས་སྔོག་འདོན་དང་གཞི་ཁྱོན་ཆེར་གཏོང་ལ་དམིགས་ཏེ། མཐོ་སློབ་སློབ་ཐོན་སློབ་མར་ལས་ཀ་འཚོལ་བ་དང་དམངས་གཉེར་ཁེ་ལས་ལ་ལས་མི་བསྡུ་བར་མཁོ་སྤྲོད་འབྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་ནས་གྲོང་ཁྱེར་བརྒྱ་ཡན་གྱིས་མཉམ་འགུལ་བྱེད་པར་སྐུལ་འདེད་དང་། མཐོ་སློབ་སྟོང་ཡན་ལ་ཁྱབ་པ། དམངས་གཉེར་ཁེ་ལས་ཁྲི་བཅུ་ཡན་ཞུགས་པར་སྒྲིག་འཛུགས་དང་ཁྲིད་སྟོན། ལས་གནས་ཁྲི་བརྒྱ་ཡན་མཁོ་འདོན་ཐུབ་པ་བཅས་ཀྱི་བརྩོན་ལེན་བྱེད་རྒྱུ་རེད།
ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། ད་ཐེངས་ཀྱི་བྱ་སྤྱོད་ཀྱིས་སློབ་གྲྭ་ནས་ལས་མི་བསྡུ་བའི་འདུ་ཚོགས་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། ཁེ་ལས་ལ་ལས་གནས་མང་དུ་གཏོང་བའི་ཁ་གསབ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ། ལས་རིགས་གསོ་སྦྱོང་གི་ཁ་གསབ། ཁྲལ་རིན་གཉིས་གཅོག ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་སོགས་ཀྱི་སྲིད་ཇུས་ཤེས་རྟོགས་ཐུབ་པར་རོགས་རམ་བྱེད་པ་དང་། དངུལ་རྩའི་སྒྲིག་གཞིར“ལས་གནས་བརྟན་གཏོང་དང་མང་གཏོང”གི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་དང་མཁོ་འདོན་ལ་རྒྱབ་སྐྱོར། ས་གནས་ཁག་ལ་ཐབས་མང་མཉམ་སྤྱོད་བྱས་ནས་དམངས་གཉེར་ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུ་བའི་ཧུར་སེམས་འཕེལ་བར་རྒྱབ་སྐྱོར་བཅས་བྱས་པ་རེད། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་དང་། གྲོང་ཁྱེར། ཀྲོའུ་བཅས་17གྱིས་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་དུས་གཅིག་ཏུ་གཉེར་བར་རིམ་རྩིས་བརྒྱབ་ན་དྲ་ཐོག་དང་དྲ་ཕྱི་ནས་ཁེ་ལས་དང་ཚོང་ཚོགས་ཁྲི་3ལྷག་ཙམ་ཞུགས་ནས་ལས་གནས་ཁྲི་27ལྷག་ཙམ་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། “གྲོང་ཁྱེར་བརྒྱ་དང་། སློབ་གྲྭ་སྟོང་། ཁེ་ལས་ཁྲི”བཅས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་2022ལོར་འགོ་ཚུགས་ཚུན་ལོ་ལྟར་དམངས་གཉེར་ཁེ་ལས་ཁྲི་10ལྷག་ཙམ་དང་། གྲོང་ཁྱེར་200ལྷག་ཙམ། མཐོ་སློབ་2000ལྷག་ཙམ་བཅས་ཀྱིས་དང་ལེན་ཞུས་ནས། རིམ་རྩིས་བརྒྱབ་ན་ལས་གནས་ཁྲི་ཆིག་སྟོང་ལྷག་ཙམ་མཁོ་འདོན་བྱས་པ་དང་ས་གནས་ས་ཐོག་ཏུ་མི་ཁྲི་200ཙམ་དང་ལས་ཞུགས་གན་རྒྱ་བཞག་ཡོད་པ་རེད།