བྱ་ངན་སྤྱོད་ངན་ལ་འགྲོ་ཁུངས་གཏན་ནས་མེད་པར་བཟོ་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་སུ་གཏོང་བའི་འཇུག་གཞི་དང་སྐུལ་སློང་གི་བཀའ་རྒྱ་རེད། མིག་སྔར། ཏང་ཡོངས་ཀྱི་གོང་འོག་ཚང་མར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བའི་སྒང་ཡིན་པས། དེ་གོ་སྐབས་སུ་བཟུང་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། དེ་རིགས་ཐོན་པ་དང་མཆེད་པའི་སྤྱི་ཚོགས་རིག་གནས་ཀྱི་རྒྱུ་དང་རྐྱེན་གཙང་མར་སེལ་བ་དང་རང་རྟོགས་ངང་གཏན་འགོག་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་བྱ་ངན་སྤྱོད་ངན་ལ་འགྲོ་ཁུངས་གཏན་ནས་མེད་པར་བཟོ་དགོས།
སྤྱོད་ཚུལ་འཛུགས་སྐྱོང་ལ་འགོ་འཛུགས་དུས་ལས་མཇུག་འགྲིལ་དུས་མེད། ཉེ་བའི་ལོ་ཤས་རིང་། “སྤྱོད་ཚུལ་བཞི”ལ་མངོན་མེད་ཐབས་སྒྱུར་གྱི་འཕེལ་ཕྱོགས་གསར་པ་ཁག་གཅིག་ཐོན་པ་དང་། ཕྱི་ཚུལ་རིང་ལུགས་ཀྱི་བྱེད་སྟངས་གསར་པར་སྒྱུར་པ། སྒྲིག་འགལ་ངང་ཟ་འཐུང་བྱེད་རིགས་ལྐོག་ལྐོག་སུད་སུད་དུ་གྱུར་པ། ལག་རྟགས་སྤྲོད་ལེན་རྒྱང་བསྲིང་ཅན་དུ་སྒྱུར་པ་སོགས་ཀྱི་བྱེད་ཐབས་གསར་པ་ཐོན་གྱི་ཡོད། སྣང་ཚུལ་གསར་པ་དེ་དག་དོན་དུ་སྔར་བཞིན་སྤྱོད་ཚུལ་གྱི་གནད་དོན་ཡིན་པ་དང་། སྤྱོད་ཚུལ་གྱི་གནད་དོན་ནི་དོན་ངོ་མར་ཏང་གཤིས་ཀྱི་གནད་དོན་རེད། དེར་བརྟེན་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་འདི་ཉིད་ཆབ་སྲིད་ཀྱི་དག་བཤེར་ཞིག་ལ་བརྩིས་ནས་ནད་ཆེན་ཡོད་ན་གཤགས་བཅོས་བྱེད་པ་དང་ནམ་རྒྱུན་ནས་སྔོན་འགོག་ལ་མཐོང་ཆེན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི“འགོག”དང“བཅོས”དབར་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡོང་བར་བྱེད་དགོས།
མང་ཚོགས་ཀྱིས་གླེང་མང་བའི་སྤྱོད་ཚུལ་གྱི་གནད་དོན་ཡིན་ཕྱིན་ཐོན་མ་ཐག་ནས་བཅོས་སྒྲིག་བྱེད་དགོས། ཁབ་ཀྱི་རྩེ་མོས་བརྟོལ་བའི་བུ་ཁ་ཡིན་ཡང་ལྷགས་པ་ཚ་པོ་འཛུལ་ཞེས་པའི་དཔེ་ཡོད་པས། རྐྱེན་རྩ་ཆུང་ཟློག་དང་སྤྱོད་ཚུལ་གྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ནི་ཕན་ཚུན་རྟེན་ཆོས་སུ་འགྱུར་བ་ཞིག་དང་རྩ་བ་དང་འབྱུང་ས་གཅིག་རེད། གྲོག་ཚང་བཀག་ནས་སྐྱོ་བཀག་ཡག་པོ་བརྒྱབ་སྟེ་བྱ་ངན་སྤྱོད་ངན་བཅོས་སྒྲིག་གི་བྱ་ཐབས་སྔོན་ལ་ཡག་པོ་སྤྱོད་པ་དང་སྔོན་འགོག་གི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ན། གཞི་ནས་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་དང་དོན་ཆུང་ནས་སྐྱོན་ཆེན་ཆགས་རྒྱུ་སྔོན་འགོག་ཐུབ་པ་དང་། སྤྱོད་ངན་ནས་རུལ་སུངས་ལ་གྱུར་པ་དང་སྤྱོད་ངན་དང་རུལ་སུངས་གཞི་གཅིག་ཏུ་གྱུར་པའི་བརྒྱུད་འདྲེན་ཐབས་ལམ་འགོག་ཐུབ།
བྱ་ངན་སྤྱོད་ངན་གཏན་འགོག་བྱེད་པའི་ཐད“ངལ་དུབ་ཀྱི་དུས་སྐབས”ཡོད་མི་རུང་བར་རྡུང་རྡེག་ཡང་སྐོར་བསྐྱར་སྐོར་གཏོང་དགོས། མངོན་མེད་ཐབས་སྒྱུར་གྱི་འཕེལ་ཕྱོགས་གསར་པ་མང་པོ་ཞིག་ཐོན་པ་ལས་སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་ཡོད་པས་དམ་འཛིན་བྱས་ན་ལེགས་སུ་འགྲོ་བ་དང་ལྷུག་ཏུ་བཏང་ན་བསྐྱར་ལོག་ཐེབས་པ་གསལ་བཤད་ཐུབ། དེར་བརྟེན་གྲུབ་འབྲས་གང་ལ་གང་འཚམ་ཐོབ་པའི་རྐྱེན་གྱིས་ལྷོད་ལ་བབས་པ་དང་ངལ་གསོ་བའི་བསམ་བློ་འཁྱེར་མི་རུང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་རྣམ་པ་གསར་པ་དང་མང་ཚོགས་ཀྱི་སེམས་གཏིང་ནས་འཁོན་འཛིན་བྱེད་པའི་དམིགས་བསལ་དབང་ཆའི་བསམ་བློ་དང་རྒྱས་སྤྲོས་ལོངས་སྤྱོད་སོགས་ལ་བཅོས་སྒྲིག་གནད་སྨིན་བྱེད་དགོས།
བྱ་ངན་སྤྱོད་ངན་བཅོས་སྒྲིག་བྱེད་པར་དར་སྲོལ་བཟང་པོ་སྐྱོང་བ་དང་རྒྱུན་གཏན་གྱི་སློབ་གསོ་རྒྱག་པར་མཐོང་ཆེན་བྱེད་དགོས། སྒྲིག་སྲོལ་ཁ་གསལ་བཟོ་བ་དང་སྒྲིག་སྲོལ་ཁ་གསལ་མེད་རིགས་མེད་པར་བཟོས་ཏེ་ངེས་པར་དུ་ཏང་ནང་ཁུལ་དུ་སྤྱོད་བཟང་དར་སྤེལ་གཏོང་བའི་དར་སྲོལ་ཆེན་པོ་ཆགས་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་ནན་པོ་དང་འཐུས་སྒོ་ཚང་པོ་ཞིག་བཙུགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཡོང་བར་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་ཚང་མས་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“གཅུས་ཕུར་ཨ་མ”དམ་པོར་བསྒྲིམས་ན་གཞི་ནས་སྲོལ་གསར་སྤྱོད་བཟང་ཟམ་མི་ཆད་པར་ཐོན་པ་དང་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་གཏོད་ཐུབ།
དྭངས་གཙང་གི་ཆུ་མིག་བཞུར་ནས་མི་སེམས་བརླན། ལམ་ལུགས་ཀྱི་སོ་འཁོར་བསྒྲིགས་ནས་དམ་ཞིང་ཚགས། ཐོག་ལྟར་དྲག་པའི་ལྟ་སྐུལ་གྱི་བཙན་ཐབས་སྤྱད། བྱ་བཟང་ལ་བརྟེན་ནས་བྱ་ངན་བཅོས་སྒྲིག་དང་སྤྱོད་བཟང་ལ་བརྟེན་ནས་སྤྱོད་ངན་དག་ཐེར་བྱས་ན་གཞི་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ཟམ་མི་ཆད་པར་ཐོབ་ཐུབ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)