“མྱུར་བགྲོད་གཞུང་ལམ་འདི་འདྲ་མང་ཙམ་སྐྲུན་ཐུབ་པའི་རེ་བ་ཡོད”
—— ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་ནས་སྐྲུན་འགན་འཁུར་བའི་བྷང་ག་ལའི་མྱུར་བགྲོད་གཞུང་ལམ་ཐོག་མ་སྤྱོད་འགོ་ཚུགས་པ།
འདི་ནི་བྷང་ག་ལ་གྲོང་ཁྱེར་ཏ་ཁར་རླངས་འཁོར་གྲལ་སྟར་བསྒྲིགས་ནས་ཏ་ཁ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུའི་ས་ཚིགས་ནས་སྐྱོད་བཞིན་པ།
ཉེ་ཆར། ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་བྱས་ནས་སྐྲུན་འགན་འཁུར་བའི་བྷང་ག་ལའི་མྱུར་བགྲོད་གཞུང་ལམ་ཏ་ཁ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་དུམ་བུ་སྤྱི་ལེ་18ཟིན་པ་དེ་ཤར་གཏོང་ཚོད་ལྟ་བྱེད་འགོ་ཚུགས་ཤིང་། ལམ་དེར་སྐྱོད་མཁན་ས་གནས་དེ་གའི་དམངས་ཚོགས་ཀྱིས་རྣམ་གྲངས་དེས་བྷང་ག་ལའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་རིམ་སྤོར་ཐུབ་ནས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་རམ་འདེགས་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད།
“དངོས་གནས་ཡག་པོ་འདུག རླངས་འཁོར་གཏོང་སྐབས་གཞུང་ལམ་བདེ་པོ་འདུག” “གཞུང་ལམ་དུ་གང་བྱུང་འཕྲེད་བཅད་བྱེད་མཁན་སོགས་མེད་པས་བདེ་འཇགས་ཧ་ཅང་ཡག་པོ་འདུག” “མྱུར་བགྲོད་གཞུང་ལམ་འདི་འདྲ་མང་ཙམ་བསྐྲུན་ཐུབ་པའི་རེ་བ་ཡོད”སོགས་རླངས་འཁོར་ཤར་གཏོང་ཐུབ་པའི་ཉིན་མོར། ལམ་དེར་སྐྱོད་མཁན་དམངས་ཚོགས་ཁག་དང་པོས་ལམ་དེར་གདེང་འཇོག་དེ་ལྟར་བྱས་ཡོད།
ཏ་ཁ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་48ཟིན་པ་དང་ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར་4.12བཏང་བ་དེ་རྒྱལ་ས་ཏ་ཁའི་བྱང་ཕྱོགས་སུ་ཡོད་པ་རེད།
“བྷང་ག་ལའི་དམངས་ཚོགས་ལ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལས་བྱུང་བའི་གྲུབ་འབྲས་དང་དྲོ་སྐྱིད་ཚོར་ཐུབ་ཆེད། ཀུང་སིས་བྷང་ག་ལ་སྲིད་གཞུང་གི་རེ་བ་ལྟར་སྨྱུང་གྲོལ་དུས་ཆེན་རིང་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཚང་མ་རིན་པ་མེད་པར་གཏོང་རྒྱུའི་ཐག་བཅད་ཅིང་། སྔོན་དཔག་བྱས་ན་རང་ཡུལ་ལ་ཕྱིར་ལོག་མཁན་ཁྱིམ་ཚང་ཁྲི་200ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད”ཅེས་སི་ཁྲོན་ལམ་ཟམ་ཀུང་སི་དང་། བྷང་ག་ལའི་ཀུང་སི་གཉིས་ལས་གྲུབ་པའི་མ་རྩ་མཉམ་འཇོག་ཀུང་སི་ཏ་ཁ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཤའོ་ཀྲི་མིང་གིས་བཤད།
ལག་རྩལ་དེར་ས་གནས་དེ་གའི་གཙོ་གཉེར་དོ་དམ་སྡེ་ཚན་དང་ཆེད་ལས་མི་སྣའི་ཁས་ལེན་ཐོབ་ཡོད། དེ་གོང་བྷང་ག་ལ་གཞུང་ལམ་ཅུས་ཀྱི་དབུ་བཞུགས་ལག་རྩལ་ཆེ་མོ་བ་ཧ་སང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས“ལག་རྩལ་འདི་འབྱུང་འགྱུར་བྷང་ག་ལ་ཧྲིལ་པོར་ཁྱབ་གདལ་གཏོང་ཐུབ་པའི་རེ་བ་ཡོད་ལ། ཀྲུང་གོས་ང་ཚོར་ལག་རྩལ་ཡག་པོ་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རེ་བའང་ཡོད”ཅེས་བཤད།
བྷང་ག་ལ་ཡི་བཟོ་པ་ནཱ་ཤིས་མུའུ་ཡིས་རྣམ་གྲངས་འཛུགས་སྐྲུན་ནང་ངས་རྨང་གཞིའི་འཛུགས་སྐྲུན་གྱི་ལག་རྩལ་སྦྱངས་པ་མ་ཟད། ཁེ་ལས་ཆེན་པོའི་འཁོར་སྐྱོད་དང་ཀྲུང་གོ་བའི་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལའང་རྒྱུས་མངའ་བྱུང་སོང་། ཕྱིས་འབྱུང་ཀྲུང་གོའི་ཁེ་ལས་སྔར་བས་མང་བ་བྷང་ག་ལར་ཡོང་ནས་ང་ཚོར་གོ་སྐབས་སྔར་བས་མང་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།