དུས་ཚིགས་དང་པོར་མཚོ་སྔོན་མགོ་ལོག་ཏུ་རྣམ་གྲངས་10ལ་གན་རྒྱ་བཞག་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། མགོ་ལོག་ཀྲོའུ་ཡིས་རྣམ་གྲངས་10ལ་གན་རྒྱ་བཞག་ནས། འདོད་ཕྱོགས་མ་འཇོག་སྒོར་དུང་ཕྱུར་4.14ཟིན་ཏེ་ད་ལོའི་མགོ་ལོག་ཀྲོའུ་ཡི་ཚོང་འགུགས་མ་འདྲེན་ལས་དོན་ལ་འགོ་ཡག་པོ་ཞིག་བཙུགས་ཡོད།
ད་ལོ་མགོ་ལོག་ཀྲོའུ་ཡིས་ཚོགས་པ་སྒྲིག་འཛུགས་ཀྱིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་སུ་བསྐྱོད་ནས་ས་གྲོལ་དཔལ་འབྱོར་མཉམ་ལས་ཐད་ངོ་འཕྲད་གྲོས་མོལ་བྱས་པ་དང་། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་བསྐྱོད་དེ་ཡང་བའི་བཟོ་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་སོགས་རྣམ་གྲངས་ལ་དམིགས་ནས་གནད་སྨིན་ཚོང་འགུགས་དང་དམིགས་ཡུལ་གྱི་ཁེ་ལས་ལ་བརྟག་ཞིབ་བྱས་ཡོད། རེས་སྐོར་གསར་པའི་ཚོང་འགུགས་མ་འདྲེན་ལས་དོན་ལ་ཕྱོགས་ནས་མགོ་ལོག་ཀྲོའུ་ཡིས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་དཀའ་སེལ་རོགས་སྐྱོར་ལས་དོན་ལེགས་སུ་གཏོང་བ། མ་དངུལ་འདྲེན་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། ཚོང་འགུགས་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ཚུད་པའི་གཙོ་གནད་ལས་དོན་ཁག་བརྒྱད་སྤེལ་ཡོད། “ཅིང་ཅིན་ཅི”དང“འབྲི་ཆུའི་ཟུར་གསུམ” “ཁུག་ཆེན་ཁུལ” “ཁྲེང་ཏུའུ་དང་ཁྲུང་ཆིང”སོགས་དཔལ་འབྱོར་ཁུལ་ལ་དམིགས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཁྱབ་ཁོངས་དང་ཁྱད་ལྡན་ཡང་བའི་བཟོ་ལས་སོགས་གཙོ་གནད་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་དམིགས་ནས། ཕྱིར་ཧུར་ཐག་བསྐྱོད་དེ་ཁེ་ལས་ཀྱི་སྒོ་འགྲམ་དུ་འཚམས་འདྲི་བྱེད་པ་དང་། ལྷག་བསམ་རྣམ་དག་ངང་གདན་འདྲེན་ཞུས་ཏེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས་ཁེ་ལས་མགོ་ལོག་ཏུ་གཞིས་ཚུགས་ཏེ་འཕེལ་རྒྱས་ཡོང་བར་བྱས་ཡོད། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ལ་ད་ལོ་མགོ་ལོག་ཀྲོའུ་ཡིས་ཚོང་འགུགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་འབྲེལ། ཤེས་ལྡན་པ་ནང་འདྲེན་ལ་མཐོང་ཆེན་གྱིས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་སྔོན་ཐོན་གྱི་བྱེད་སྟངས་ནང་འདྲེན་བྱས་ནས། ས་གནས་དེ་གའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་རེད།
མགོ་ལོག་ཀྲོའུ་བཟོ་འཕྲིན་ཅུས་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་རྡོ་ཚེ་བརྟན་གྱིས། ན་ནིང་མགོ་ལོག་ཀྲོའུ་ཡིས་ཁྱོན་རྣམ་གྲངས་ཁག་20ལ་གན་རྒྱ་བཞག་ནས་མ་དངུལ་སྒོར་དུང་ཕྱུར་2.6དམིགས་སར་འབྱོར་ཡོད། ད་ལོ་མགོ་ལོག་ཀྲོའུ་ཡིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས། ད་ལོའི་ལོ་མཇུག་བར་གན་རྒྱ་བཞག་པའི་རྣམ་གྲངས་ཀྱི་ཁ་ཆད་ལག་བསྟར་བྱེད་ཚད་དང་། ལས་འགོ་འཛུགས་ཚད། མ་དངུལ་དམིགས་སར་འབྱོར་ཚད་90%དང་། 80% 30%ཡན་བཅས་སོ་སོར་ཟིན་པ་དང་། གན་རྒྱ་བཞག་པའི་བསྡོམས་འབོར་སྒོར་དུང་ཕྱུར་10ཡན་ཟིན་པ་བྱ་རྩིས་ཡོད་ཅེས་བརྗོད་པ་རེད།