དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་ཀྲུང་གསོ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཀྲུང་རི་མཛའ་གྲོགས་སྨན་ཁང་གི་མཚན་འཛིན་དགེ་རྒན་ཆེ་མོ་བ་ཞའོ་ཁྲོན་ཤིའུ་ཤིན་གྱིས་བརྗོད་དོན།

    ​“རི་ཀྲུང་རྒྱལ་ཁབ་གཉིས་པོའི་གསོ་རིག་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་གི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-03-31

    འདི་ནི་ཞའོ་ཁྲོན་ཤིའུ་ཤིན་ཡིན་པ།(བཅར་འདྲི་དང་ལེན་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་པར་རིས)

    འདི་ནི་ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་ཀྱི་སྨན་པས་ཀྲུང་རི་མཛའ་གྲོགས་སྨན་ཁང་དུ་གཤགས་བཅོས་བྱེད་བཞིན་པ། (ཀྲུང་རི་མཛའ་གྲོགས་སྨན་ཁང་གིས་མཁོ་འདོན་བྱས་པའི་པར་རིས)

    “ངས་དུས་དང་རྣམ་པ་ཀུན་ཏུ་རི་ཀྲུང་རྒྱལ་ཁབ་གཉིས་ཀྱི་པགས་ནད་ཚན་ཁག་གི་གསོ་རིག་སྤེལ་རེས་མཉམ་ལས་ལ་ཧུར་ཐག་ཞུགས་ནས་ཀྲུང་གོའི་པགས་ནད་ཚན་ཁག་གི་གསོ་རིག་ཁྱབ་ཁོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་དཔང་པོ་བྱེད་བཞིན་ཡོད” 2024ལོའི་ལོ་འཁོར་གྱི་ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་རི་ཀྲུང་གསོ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཞའོ་ཁྲོན་ཤིའུ་ཤིན་གྱིས་གསར་འགོད་པར་རང་ཉིད་དང་ཀྲུང་གོའི་དབར་གྱི་འབྲལ་ཐབས་མེད་པའི་ལས་འབྲེལ་སྐོར་གླེང་ཡོད།

    2015ལོར་རི་ཀྲུང་གསོ་རིག་མཐུན་ཚོགས་ཀྱི་ལས་འཛིན་དཔོན་དང་ཚོགས་གཙོའི་འགན་འཁུར་བ་ནས་བཟུང་། ཞའོ་ཁྲོན་ཤིའུ་ཤིན་གྱིས་ཀྲུང་རིའི་ཐི་ཁྲོན་གསོ་རིག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རྣམ་གྲངས་ཀྱི་གྲོས་མཐུན་ལ་མུ་མཐུད་མིང་རྟགས་འགོད་པའི་ནང་ཞུགས་པ་དང་འབྲེལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་གསོ་རིག་དང་། སོ་བཅོས་རིག་པ། སྨན་རྫས་རིག་པ། ནད་སྐྱོང་རིག་པ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད།

    1986ལོར་ཐི་ཁྲོན་གསོ་རིག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་བཙུགས་པ་དང་མིག་སྔར་ཁྱོན་སྨན་དོན་པ་2400ཙམ་གྱིས་རྣམ་གྲངས་དེ་བརྒྱུད་རི་པིན་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་དེ་ཀྲུང་གོའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་དང་ཀྲུང་རིའི་སྨན་བཅོས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། རྣམ་གྲངས་གཙོ་གཉེར་ཕྱོགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་རི་ཀྲུང་གསོ་རིག་མཐུན་ཚོགས་ཀྱིས་ཀྲུང་གོའི་ཟབ་སྦྱོང་སློབ་མར་སློབ་སྦྱོང་དང་འཚོ་བ་སོགས་ཕྱོགས་མང་པོའི་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། ཞའོ་ཁྲོན་ཤིའུ་ཤིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐི་ཁྲོན་གསོ་རིག་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དེ་དེ་སྔ་ཀྲུང་གོས་རི་པིན་གྱི་སྔོན་ཐོན་སྨན་བཅོས་ལག་རྩལ་སློབ་སྦྱོང་བྱེད་པར་གཙོ་བོར་སྤྱད་ཡོད་མོད། ད་ཆ་རྒྱལ་ཁབ་གཉིས་པོའི་གསོ་རིག་ཞིབ་འཇུག་པས་ཕན་ཚུན་སློབ་སྦྱོང་བྱེད་པར་སྟབས་བདེ་ཡོང་བའི་ལས་སྟེགས་སུ་བསྒྱུར་ནས་འབུམ་རམས་པ་དང་མཆོག་རམས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་རྣམ་གྲངས་མང་དུ་བཏང་བ་མ་ཟད། ད་དུང་རྩེར་སོན་གསོ་རིག་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་ཐུན་མོང་ཞིབ་འཇུག་གི་སློབ་ཚན་ཡང་བཀོད་སྒྲིག་བྱས་ཡོད། “ང་ཚོས་རྒྱལ་ཁབ་གཉིས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་རི་ཀྲུང་རྒྱལ་ཁབ་གཉིས་ཀྱི་གསོ་རིག་སྤེལ་རེས་མཉམ་ལས་དེ་བས་གཏིང་ཟབ་ཏུ་གཏོང་གི་ཡིན”ཞེས་ཞའོ་ཁྲོན་ཤིའུ་ཤིན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།