དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཞིང་ཁྱིམ་གྱི་རྩམ་པ”རྩེར་སོན་ཁྲོམ་རར་བཏོན་པ།

    —— ལྷུན་རྩེའི་ནས་ནག་ཐོན་ལས་ཀྱི་དར་རྒྱས་ལམ་བུའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-31

    ཉེ་བའི་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས“འདེབས་འཛུགས་དང་། ལས་སྣོན། སྤུས་རྟགས། ཁྲོམ་ར”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་བཀོད་པ་བརྒྱུད། ནས་ནག་དེ་སྲོལ་རྒྱུན་ལོ་ཏོག་ནས་དམངས་ཕྱུག་ཐོན་ལས་སུ་བསྒྱུར་བས་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ད་ཆ། ནས་ནག་ནི་ས་གནས་དེ་གའི་མང་ཚོགས་ཚོའི་སེམས་ནང་གི“གསེར་གྱི་ས་བོན”ཡིན་པ་མ་ཟད། ས་མཐོའི་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་ཀྱི་འོད་མདངས་འཚེར་བའི་མུ་ཏིག་ཅིག་དེ་བས་ཀྱང་རེད།

    ཐོན་ཁུངས་ཀྱི་ལེགས་ཆ། 

    འཛམ་གླིང་གི་ནས་ནག་འདེབས་འཛུགས་རྟེན་གཞི་ཆེ་ཤོས།

    ནས་ནག་ནི་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་ནས་ཀྱི་སྣ་ཁ་ཞིག་ཡིན་པ་དང་དེའི་ཕྱི་ཤུན་སྨུག་ནག་རེད། དེར་སྤྲི་དཀར་གྱི་འཚོ་བཅུད་མང་བ་དང་། བཟའ་བཅའི་ཚི་སྣ་མང་བ། འཚོ་བཅུད། དེ་བཞིན་སེ་རྒྱུ་སོགས་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་པའི་རྐྱེན་གྱིས་སྐད་གྲགས་ཆོད་པ་དང་ཆབས་ཅིག་སྣུམ་ཚི་དང་མངར་ཆ་ཉུང་བའི་ཁྱད་ཆོས་ལྡན་ཡོད། ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། དེའི་བཟའ་བཅའི་ཚི་སྣའི་འདུས་ཚད་ནི་གྲོ་ཞིབ་ཀྱི་ལྡབ་གཉིས་ཡན་ཡིན་པ་མ་ཟད། དབྱང་འགྱུར་འགོག་པའི་གྲུབ་ཆ་དཔེར་ན། ཁིལ་སྒྱུར་མེ་ཏོག་གི་མདོག་རྒྱུ་སོགས་ཡོད་པས། བདེ་ཐང་དང་དཔལ་འབྱོར་གྱི་རིན་ཐང་གཉིས་ཀ་ལྡན་ཡོད།

    བོད་ནི་ནས་ནག་ཐོན་ཁུལ་གཙོ་བོ་ཡིན་པ་དང་། ལྷག་པར་དུ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནི་ལྟེ་བའི་འདེབས་འཛུགས་ཁུལ་ཞིག་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ས་བབ་མཐོ་ཚད་སྨི་3800ནས་4200བར་གྱི་ས་མཐོའི་དྲོ་ཁུལ་གྱི་ཐན་ཆེའི་གནམ་གཤིས་དང་། ཉི་འོད་འདང་ངེས་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས། ལྷུན་རྩེ་རྫོང་ནས་ནག་སྐྱེ་འཚར་འཚམ་ཤོས་ཀྱི་ས་ཁོངས་སུ་གྱུར་ཡོད།

    2014ལོ་ནས་བཟུང་། ལྷུན་རྩེ་རྫོང་གིས་ནས་ནག་དེ་ཁྱད་ལྡན་ཀ་རྟེན་ཐོན་ལས་ལ་གཏན་འཁེལ་བྱས་ཤིང་། སྲིད་ཇུས་ཀྱི་རོགས་སྐྱོར་བྱས་པ་དང་ཚན་རྩལ་ཁྱབ་གདལ་བཏང་བས་འདེབས་ཁྱོན་མུའུ་ཁྲི་1.3ནས་ད་ཆའི་མུའུ་ཁྲི་3.05བར་རྒྱ་ཆེར་ཕྱིན་པ་དང་། མུའུ་རེའི་ཐོན་འབབ་རྒྱ་མ་490ནས་རྒྱ་མ་560བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་ཐོན་འབབ་ཏུན་ཁྲི་1ལྷག་ཙམ་ཟིན་ཡོད།

    ཐོན་ལས་ཀྱི་ལེགས་ཆ།

    ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ནས་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པ།

    “ཆང་ཁྱིམ་ནས་ཆང”མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་རྡོ་རྗེ་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོ་ནས་ཡིན་ཞིང་། ཁོང་གིས་བསྙལ་བའི་དམར་མདོག་གི་ནས་ཆང་ནི་ལྷུན་རྩེ་རྫོང་གི་ནས་ནག་བསྙལ་བ་ཞིག་རེད།

    ནས་ནག་རྒྱུ་ཆར་བྱེད་པ་དང་སྲོལ་རྒྱུན་གྱི་ལས་སྣོན་བྱ་ཐབས་རྨང་གཞིར་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ལྷུན་རྩེ་རྫོང་གིས་སྣེ་འདྲེན་ཁེ་ལས་མང་པོ་སྐྱེད་སྲིང་བྱས་ཡོད། ཁེ་ལས་དེ་དག་གིས་ནས་ནག་སྦི་རག་དང་། རྩམ་པ། ཡོས། ཏན་ཞིམ་སོགས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་བཅུ་ལྷག་ཙམ་གསར་སྤེལ་བྱས་ཡོད། དེའི་ནང་ནས་ཀྱི་སྦི་རག་ལོ་རེར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དང་། ཁྲེང་ཏུའུ་དང་ལྷ་ས་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད།

    2024ལོར། ལྷུན་རྩེ་རྫོང་གིས་སྐྱེད་སྲིང་བྱས་པའི་ལས་སྣོན་ཁེ་ལས་གཙོ་བོ་4ཡིས་ནས་ནག་གི་རྒྱུ་ཆ་ཏུན་600ལྷག་ཙམ་ལས་སྣོན་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་2930ཟིན་ནས་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་22.5བགོས་ཡོད།

    ལྷུན་རྩེ་རྫོང་གི་ནས་ནག་ཐོན་ལས་སྐུལ་ཁྲིད་ཀྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་། རྣམ་གྲངས་ཀྱི་རྒྱབ་སྐྱོར། ཟོག་འགྲེམས་ལ་འགན་སྲུང་སོགས་ཀྱི་བྱ་ཐབས་བརྒྱུད། ནས་ནག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་རམ་འདེགས་བྱས་པས་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། རྫོང་གིས་འདེགས་སྐྱོར་བྱེད་པའི་ཁེ་ལས་ནང་གི་ཁེ་ལས་གཅིག་ཁོ་ནས་སློབ་གྲྭ་ཆེ་མོ་བ་20ལྷག་ཙམ་དང་དུད་ཚང་དབུལ་པོ་ལས་ཀར་བསྡུས་པ་དང་འབྲེལ། མངགས་ཐོའི་ཞིང་ལས་རྣམ་པ་བརྒྱུད་ཁྲོམ་རའི་རིན་གོང་ལས་མཐོ་བའི་ཐོག་ནས་ཞིང་དུད་ཀྱི་རྒྱུ་ཆ་ཉོས་ཏེ་ཞིང་དུད་4200ལྷག་ཙམ་འབབ་འཕར་ཡོང་བར་ཁྱབ་འགྱེད་སྐུལ་ཁྲིད་བྱས་པས། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་1600ལྷག་ཙམ་འཕར་ཡོད།

    མངོན་མེད་སྟོབས་ཤུགས་སྔོག་འདོན།

    སྲིད་ཇུས་ཀྱི་འདེགས་སྐྱོར་དང་ཚན་རྩལ་གྱི་ནུས་པར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    ད་ཆ། ལྷུན་རྩེ་རྫོང་གི་ནས་ནག་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ཐོབ་པ་མ་ཟད། ད་དུང“2018ལོའི་རྒྱལ་སྤྱིའི་ཚོང་རྟགས་དངོས་མང་སྟོན་ཚོགས་དུས་ཆེན”ལ་གསེར་གྱི་བྱ་དགའ་ཐོབ་པ་དང་། 2019ལོར“ཀྲུང་གོའི་གནམ་གཤིས་ཀྱི་ཐོན་རྫས་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ། 2023ལོར“འཛམ་གླིང་གི་ནས་ནག་འདེབས་འཛུགས་རྟེན་གཞི་ཆེ་ཤོས”སུ་གཏན་འཁེལ་བྱས་ཡོད། དེ་དག་ནི་ལྷུན་རྩེ་རྫོང་གི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ནས་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཚོང་རྟགས་ཐོ་འགོད་དང་ལྗང་མདོག་བཟའ་བཅའ་ཁས་ལེན་དཔང་འདོན་ཐོབ་པ་བརྒྱུད། ལྷུན་རྩེའི་ནས་ནག་ཐོན་རྫས་ཀྱི་རིན་འཕར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ལྗོངས་ཕྱི་ནང་གི་ཁྲོམ་རའི་ཁས་ལེན་ཐོབ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བཞིན་ཡོད།

    མིག་སྔར། ནས་ནག་མུའུ་རེའི་ཐོན་འབབ་ད་དུང་མང་དུ་འགྲོ་བའི་བར་མཐོངས་ཆེ་ཙམ་ཡོད་ལ། ནས་ནག་ལའང་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་བྱེད་པའི་མི་མངོན་པའི་ནུས་པ་ལྡན་ཡོད། འབྱུང་འགྱུར། ལག་རྩལ་རིམ་སྤོར་དང་ཁྲོམ་ར་རྒྱ་སྐྱེད་གཏོང་བ་དང་བསྟུན་ནས། ལྷུན་རྩེའི་ནས་ནག་གིས་བདེ་ཐང་བཟའ་བཅའི་ཁྱབ་ཁོངས་སུ་ཐོབ་སྐལ་དེ་བས་ཆེ་བ་བཟུང་སྟེ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རེ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།